
བདེ་སྐྱིད་ཆོས་སྒྲོན།
རང་ཟླ་ ༤ པའི་ཚེས་ ༢༣ སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤ་རོ་ར་མོ་ཐང་ཀ་ལུ་སྦེ་ ཨ་ཎེམ་ ༡༤༢ ལུ་ དགེ་སློང་མའི་སྡོམ་པ་ འགོ་དང་པ་གནང་ནུག།
དེ་བསྒང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་དང་ ལས་ཚོགས་སློབ་དཔོན་ ཚོགས་ཀྱི་སློབ་དཔོན་ དེ་ལས་ མཁན་སློབ་ཚུ་ བཞུགས་ཡོདཔ་མ་ཚད་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་མཆོག་དང་ སྐུ་འཁོར་ཚུ་ཡང་ བཞུགས་ཡོདཔ་ཨིན་པས།
དེ་ཡང་ ཨ་ཎེམ་ཚུ་གིས་ ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ དགེ་སློང་མའི་ སྡོམ་པ་ཡོད་པ་ཅིན་ འདུལ་བ་མཇལ་ནི་གི་ གོ་སྐབས་འཐོབ་ནི་དང་ ཚུལ་ཁྲིམས་སྲུང་ནི་ དེ་ལས་ དགེ་བ་བསམ་གྱིས་མ་ཁྱབ་པ་ འོང་ནི་ཨིནམ་མ་ཚད་ ཁྱད་ཆོས་ཅན་གྱི་ ཨ་ཎེམ་ཚུ་ལུ་ མཁན་མོ་ཟེར་བའི་མཚན་གནས་ཡང་ འཐོབ་ནི་གི་ གོ་སྐབས་ཡོད་ཟེར་ འབྲུག་ཨ་ཎེ་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བཀྲིས་བཟང་མོ་གིས་ བཤདཔ་ཨིན་པས།
མ་གཞི་ དགེ་སློང་མའི་སྡོམ་པ་དེ་ ཧེ་མར་ རྒྱ་གར་ལུ་ གནང་སྲོལ་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ གནང་སྲོལ་ཉམས་ཏེ་ ཡུན་འགྱངས་འགྱོ་བའི་ཤུལ་ལས་ ད་རེས་ ང་བཅས་རའི་ རྒྱལ་ཁབ་ནང་ གནང་མི་འདི་ འགོ་དང་པ་ཨིན་པས།
དེ་སྦེ་ དགེ་སློང་མའི་ སྡོམ་པ་གནང་དགོ་པའི་ རྒྱུ་མཚན་དེ་ཡང་ ཆོས་འབད་བའི་སྐབས་ལུ་ དགེ་སློང་ཨིན་པ་ཅིན་ ཨིན་ཅི་མིན་ཅི་ སངས་རྒྱས་ནི་ཅིག་དང་ ཨ་ཎེམ་གིས་ སངས་མི་རྒྱས་ནི་གི་ དཔེ་མེད་ཟེར་ཨིནམ་ད་ དགེ་སློང་མ་ཟེར་ སླབ་དགོ་མི་དེ་ཡང་ མ་ཟེར་བའི་སྐབས་ལུ་ ཨམ་སྲུ་ལུ་ གོ་ནི་ཨིན་པས།
དེ་བཟུམ་མའི་ སྡོམ་པ་ལས་ལྷག་སྟེ་ སྡོམ་པ་ཡང་དག་པ་ གཞན་མེདཔ་ལས་ དེ་སྦེ་ སྡོམ་པ་ཞུ་བའི་ ཉིན་མ་ལས་ འགོ་བཙུགས་ཏེ་ སྤྱིར་བཏང་ལུ་ དགེ་བ་སྣ་གཅིག་སྒྲུབ་རུང་ ཕན་ཡོན་དེ་ བརྒྱ་འགྱུར་སྟོང་འགྱུར་སྦེ་ འཐོབ་ནི་གི་ དགོས་པ་ཡོད་ཟེར་ གཞུང་གྲྭ་ཚང་གི་ བརྡ་བརྒྱུད་འགོ་དཔོན་ སློབ་དཔོན་ཐུབ་བསྟན་རྒྱ་མཚོ་གིས་ བཤདཔ་ཨིན་པས།
ད་རུང་ བརྡ་བརྒྱུད་འགོ་དཔོན་གྱིས་ དགེ་སློང་མའི་ སྡོམ་པ་ཟེར་མི་དེ་ར་ ཆོས་ཁྲིམས་བཟུམ་ཅིག་ཨིནམ་ལས་ འབད་བཏུབ་མི་བཏུབ་ ག་ཅི་ཨིན་ན་ བལྟ་ཞིནམ་ལས་ ཚུལ་ཁྲིམས་སྲུང་དགོཔ་བཞིན་དུ་ ག་དེམ་ཅིག་སྦེ་ སྡོམ་པ་དེ་ ཤོར་བ་ཅིན་ དམྱལ་བ་ལུ་ སྐྱེ་ནི་གི་ རྒྱུ་ཨིན་ཟེར་ བཤདཔ་ཨིན་པས།
དགེ་སློང་མའི་ སྡོམ་པ་ཞུ་ནིའི་དོན་ལུ་ རྒྱ་གར་ལ་དྭགས་ འབྲུག་དགའ་བ་འཁྱིལ་བཙུན་དགོན་ལས་ ཨ་ཎེམ་ ༡༧ དང་ རྒྱ་གར་དོན་བརྒྱུད་དགའ་ཚལ་གླིང་ལས་ ༣ ཨིང་ལེན་ལས་ ༡ འོང་ནུག།
གཞན་མི་ཚུ་ སྤུ་ན་ཁ་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ལས་ ཨ་ཎེམ་ ༢༧ དང་ རྡོ་རང་ཐག་ དཔལ་འབྱོར་ཆོས་གླིང་ ཟངས་མདོག་དཔལ་རི་ དགོན་པ་ལས་ ༩ མོང་སྒར་བློ་གསལ་དབྱངས་ཅན་གླིང་ལས་ ༢༠ བཀྲ་ཤིས་སྒང་ ཐེག་མཆོག་ཀུན་བཟང་ཆོས་སྒྲོན་ལས་ ༥ ཐིམ་ཕུ་གཟི་ལུང་ཁ་ ཐང་སྟོང་བདེ་བ་ཅན་ལས་ ༤ སྤ་རོ་བསྟན་ཆེན་ལས་ ༥ ཀྲོང་གསར་ཀུན་དགའ་རབ་བརྟན་ལས་ ༥ ཝམ་རོང་བསམ་གཏན་ཆོས་གླིང་ལས་ ༡ ཐིམ་ཕུ་འབྲུག་ཨ་ཎེ་གཞི་ཚོགས་ སྦྱོང་བརྡར་ལྟེ་བ་ལས་ ༩ དེ་ལས་ སྤ་རོ་དང་ ཐིམ་ཕུ་ སྤུ་ན་ཁ་ཚུ་ནང་ མཚམས་བཅད་སྡོད་མི་༣༦ འབདཝ་དང་ ཨ་ཎེམ་བསྡོམས་ ༡༤༢ ཨིན་པས།
དགེ་སློང་མའི་ སྡོམ་པའི་ལས་རིམ་དེ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ འབྲུག་ཨ་ཎེ་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་སྟེ་ ཉིན་གྲངས་ ༣ གྱི་རིང་ལུ་ གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392610
Views Today :
Total views : 5000
Who's Online :