
ཨྱོན་ཚེ་རིང།
སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འབྲུག་གི་ལྟ་བཤལ་གྱི་ཁྲལ་བསྡུ་བླང་ འཕྲི་སྣོན་དཔྱད་ཡིག་ ༢༠༢༢ ཅན་མ་དེ་ ཆ་འཇོག་གྲུབ་ནུག།
དེ་ཡང་ འཕྲི་སྣོན་དཔྱད་ཡིག་ ༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ ད་ཚུན་གྱི་བར་ན་ འབྲུག་ལུ་འོང་མི་ ལྟ་བཤལཔ་ཚུ་གིས་ ཉིན་རེར་གཞུང་ཁྲལ་ ཡུ་ཨེཛ་ཌོ་ལར་ ༦༥ རེ་ལས་ སྤྲོད་མ་དགོ་རུང་ ད་ལས་ཕར་ ཉིན་རེར་གཞུང་ཁྲལ་ ཡུ་ཨེཛ་ཌོ་ལར་ ༢༠༠ རེ་ སྤྲོད་དགོ་ནི་ཨིན་པས།
དེ་འབདཝ་ལས་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གིས་ དཔྱད་ཡིག་བསྟར་སྤྱོད་ཀྱི་ ཚེས་གྲངས་དེ་ ཕར་ཕུད་རྐྱབ་དགོ་པའི་ གྲོས་འདེབས་ཕུལ་ཡོད་རུང་ གྲོས་འདེབས་ལུ་ འཐུས་མི་ ༡༣ གྱིས་མ་གཏོགས་ འཐུས་དམངས་ཀྱིས་ རྒྱབ་སྐྱོར་མེདཔ་ལས་ དཔྱད་ཡིག་ནང་ གསལ་བཀོད་འབད་མི་ ཚེས་གྲངས་དེ་ར་ བསྟར་སྤྱོད་འབད་ནི་སྦེ་ ཆ་འཇོག་གྲུབ་ནུག།
དེ་བསྒང་ ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨིན་རྒྱས་ཀྱི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ དཔྱད་ཡིག་བསྟར་སྤྱོད་ཀྱི་ ཚེས་གྲངས་དེ་ ཟླཝ་ ༦ ཚུན་ ཕར་ཕུད་རྐྱབ་པ་ཅིན་ ལྟ་བཤལ་དང་འབྲེལ་བའི་ ལཱ་འབད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་སྐོར་ལས་ཞུ་ཡི།
མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བསྟར་སྤྱོད་ཚེས་གྲངས་དེ་ ཟླཝ་ ༦ གི་རིང་ལུ་ ཕར་འགྱངས་འབད་རུང་ དཀའ་ངལ་བཤད་མི་དེ་ ལོག་སྟེ་ར་ འཐོན་ནི་ཨིནམ་ལས་ དཀའ་ངལ་ལུ་ བལྟ་སྡོད་པ་ཅིན་ དུས་ནམ་ཡང་ མཇུག་མི་བསྡུ་ནི་ཨིན་པ་ལུ་བརྟེན་ཏེ་ ཕར་འགྱངས་འབད་ནི་མེདཔ་ཅིག་གི་ ཞུ་བ་ཕུལ་ཡི།
དེ་ལས་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ འབྲུག་ལུ་ དེ་སྦེ་ ལྟ་བཤལཔ་འོང་ནི་དང་ ས་མཚམས་ཚུ་ སྒོ་ཕྱེ་ནི་ ༢ མཉམ་འབྲེལ་སྦེ་ མ་འགྱོ་བ་ཅིན་ བྱ་སྟབས་མི་བདེ་ནི་ཨིནམ་ལས་ ས་མཚམས་སྒོ་ར་ཚུ་ཡང་ ལྟ་བཤལཔ་འོང་ནི་གི་ དུས་ཚོད་དང་བསྟུན་ཏེ་ སྤྱི་ཟླ་ ༩ པའི་ནང་ལས་ སྒོ་ཕྱེ་ནི་གི་དོན་ལུ་ གྲ་སྒྲིག་འབད་དོ་ཟེར་ ཞུ་ཡོད་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1388627
Views Today :
Total views : 5000
Who's Online :