
ཨྱོན་ཚེ་རིང་།
སྤྱི་ཟླ་ ༦ པའི་ཚེས་ ༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ལས་ རྒྱལ་སྤྱིའི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ སྒྲིག་བཀོད་གན་རྒྱ་དང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་ ༢༠༢༡ ཅན་མ། རྒྱལ་གཞུང་འབྲུག་གི་འགག་སྡེའི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༡ ཅན་མ་ཚུ་ ཆ་འཇོག་གནང་ནུག།
དེ་ཡང་ རྒྱལ་སྤྱིའི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ སྒྲིག་བཀོད་གན་རྒྱ་གུ་ ཧེ་མའི་བཞུགས་རིམ་ཚུ་ནང་ བསྟན་རྒྱས་བློན་པོ་མཆོག་གིས་ ངོ་སྤྲོད་གསལ་ཞུ་ ཕུལ་བའི་ཤུལ་ལུ་ གསུང་གྲོས་རྒྱས་པར་ གནང་ཡོདཔ་མ་ཚད་ སྒྲིག་བཀོད་གན་རྒྱ་འདི་ རྒྱལ་ཡོངས་ཚོགས་སྡེའི་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ བསྐྱར་ཞིབ་ཀྱི་ ཕྱག་ལཱ་ཚུ་གནང་སྟེ་ རྒྱབ་སྣོན་ཆ་འཇོག་གི་ ཞུ་བ་ཕུལཝ་བཞིན་དུ་ ཚོགས་ཁང་ནང་ འཐུས་མི་ངོ་བཞུགས་ ༢༡ ག་ར་གིས་ རྒྱབ་སྐྱོར་གྱི་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་གྲུབ་གནང་ནུག།
དེ་གི་ཤུལ་ལས་ རང་བཞིན་འཐོན་སྐྱེད་དང་ མཐའ་འཁོར་ཚོགས་ཆུང་གིས་ བསྐྱར་ཞིབ་མཛད་ཡོད་པའི་ འབྲུག་གི་སྐྱེ་ལྡན་རིགས་སྣའི་ དཔྱད་ཡིག་ ༢༠༢༡ ཅན་མའི་གུ་ཡང་ འདས་པའི་བཞུགས་རིམ་ཚུ་ནང་ བསྐྱར་ཞིབ་སྙན་ཞུ་གུ་ གྲོས་བསྡུར་གནང་ཡོདཔ་ཨིན་པས།
དེ་བསྒང་ དཔྱད་ཡིག་དེ་གི་ དོན་ཚན་དག་པ་ཅིག་གུ་ ཚོགས་ཁང་གི་ འཐུས་མི་མང་ཤོས་ཅིག་གིས་ ཐུགས་འཆར་དང་ ལེགས་བཅོས་ཀྱི་ ཞུ་བ་ཚུ་ཕུལཝ་ལས་ ཞལ་འཛོམས་གནང་སྟེ་ མཐའ་དཔྱད་ཀྱི་དོན་ལུ་ གྲ་སྒྲིག་མཛད་དགོ་པའི་ བཀའ་གནང་ཡོདཔ་བཞིན་དུ་ འབྲུག་གི་སྐྱེ་ལྡན་རིགས་སྣའི་ དཔྱད་ཡིག་ ༢༠༢༡ ཅན་མ་ ཚོགས་རྒྱན་བཙུགས་ཏེ་ ཆ་འཇོག་གྲུབ་ནུག།
དེ་བཟུམ་སྦེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༡ ཅན་མ་ཡང་ བཅའ་ཁྲིམས་ལུ་ བསྒྱུར་ནིའི་དོན་ལས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་དེ་ གྲོས་འབུལ་ཕུལཝ་བཞིན་དུ་ ཚོགས་དམངས་ཀྱིས་ ཚོགས་རྒྱན་བཙུགས་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའངི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388639
Views Today :
Total views : 5000
Who's Online :