
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་སྦེ་ འབྲུག་གི་དོན་ལས་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་ གནས་བཞུགས་མདོ་ཆེན་གྱིས་ ཕྱི་འབྲེལ་བློན་པོ་ལུ་ ངོ་སྤྲོད་ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།
དེ་ཡང་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གནས་བཞུགས་མདོ་ཆེནགསརཔ་ ཨམ་ཨན་ཌི་ཡ་ ཨེམ་ ཝོཆ་ནར་གྱིས་ དུས་ཅི་ སྤྱི་ཟླ་ ༢ པའི་ནང་ རྒྱ་གར་ནིའུ་དྷི་ལུ་ ལྷོད་ཡོདཔ་བཞིན་དུ་ མོ་རའི་འགན་ཁུར་ཚུ་ འབག་ཡོདཔ་ཨིན་པས།
འབྲུག་གི་དོན་ལས་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་ ཧེ་མའི་གནས་བཞུགས་མདོ་ཆེན་ ཨམ་ཨར་ཇིན་ཊི་ན་ པིན་ཌོ་ ཨེམ་ པིག་སིན་གྱིས་ སྤྱི་ལོ་ ༢༠༡༩ ལས་ ༢༠༢༡ ཚུན་ ཕྱག་ཞུ་བའི་ཤུལ་ལུ་ གནས་ཡུན་ཚང་ཡོདཔ་ད་ འབྲུག་གི་དོན་ལས་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་ གནས་བཞུགས་མདོ་ཆེན་དེ་ ནིའུ་དྷི་ལུ་ཡོད་མི་ ལུང་ཕྱོགས་ཡིག་ཚང་ལས་ ངོ་སྦྱོར་འབདཝ་ཨིན་པས།
རྒྱལ་ཁབ་ནང་ སྡོད་པའི་སྐབས་ ཨམ་ཨཱན་ཌི་ཡ་ ཨེམ་ ཝོཆ་ནར་གྱིས་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་དང་ མཉམ་འབྲེལ་བ་ཚུ་དང་ཕྱད་དེ་ ལས་རིམ་དང་ ལས་སྣ་ཚུ་གིས་གཙོས་པའི་ མ་འོངས་པར་ འབྲུག་གཞུང་དང་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་བར་ན་ མཉམ་འབྲེལ་འབད་ནི་གི་ འོས་འབབ་ཡོད་མི་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ནི་ཨིན་པས།
འབྲུག་གཞུང་དང་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་བར་ན་ མཉམ་འབྲེལ་དེ་ སྤྱི་ལོ་ ༡༩༧༩ ལས་ འགོ་བཙུགས་པའི་ཤུལ་ལུ་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་ ཁ་ཐུག་ལས་ འདོད་སྤྱོད་དང་ སྐྱེ་རྒྱུན་གསོ་བའི་ཞབས་ཏོག་ཚུ་ལུ་ དངུལ་འབྲེལ་དང་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་འབད་ནུག།
འཆར་གཞི་ ༡༢ པ་ འགོ་བཙུགས་པའི་སྐབས་ལུ་ འཛམ་གླིང་མི་འབོར་མ་དངུལ་གྱིས་ གནས་སྡུད་གོང་འཕེལ་གཏང་ནི་དང་ ལོ་བསྟར་འཆར་གཞི་དང་ འཆར་དངུལ་གྲོས་ཆོད་དང་འབྲེལ་བའི་ གནས་སྡུད་ཀྱི་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ཡང་ རྒྱབ་སྐྱོར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༩༩ ལས་ འགོ་བཙུགས་ཏེ་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ མི་འབོར་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་ཀྱི་ ཕྱག་འགན་བཞེས་ཡོད་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1443508
Views Today :
Total views : 5000
Who's Online :