
སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༩ ལས་ ༢༠༢༢ ཀྱི་བར་ན་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་དང་ མཇལ་འཕྲད་མཛད་གནང་ནུག།
དེ་བསྒང་ ཤེས་ཡོན་མཐར་འཁྱོལ་མི་ ༧༤༦ དང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ ལས་གཡོགཔ་ཚུ་ལུ་ ང་བཅ་རའི་ རྒྱལ་ཁབ་ལུ་ཡོད་མི་ དོ་འགྲན་དང་ ཚ་གྱང་ཅན་གྱི་ གནད་དོན་ཚུ་དང་ དེ་ལས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ ལེགས་ཤོམ་ཡོདཔ་ ངེས་གཏན་བཟོ་ཐབས་ཀྱི་ མདུན་ལམ་ཚུ་གི་སྐོར་ལས་ གསུངས་གནང་ཡོདཔ་ཨིན་པས།
དེ་གི་ཧེ་མར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དམིགས་བསལ་གྱིས་ ཤེས་ཡོན་མཐར་འཁྱོལ་མི་ ན་གཞོན་ཚུ་ལུ་ བཀའ་སློབ་ཚུ་ཡང་ གསུངས་གནང་ནུག།
མི་དབང་མཆོག་གིས་ ང་བཅས་རའི་ དམིག་དོན་དང་ རེ་འདོད་ཚུ་ བསྒྲུབ་ཐབས་ལུ་ སྒྲིག་འཛིན་གྱི་སྒོ་ལས་ འགྱུར་བ་མེད་པའི་ བརྩོན་ཤུགས་སྐྱེད་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ གསུངས་གནང་ཡོད་མི་དེ་ཡང་ ཉིན་རེ་བཞིན་གྱི་ བརྩོན་ཤུགས་ཀྱིས་ འགྲུབ་འབྲས་སྦོམ་སྦེ་ར་ གཏོན་ཚུགས་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ མི་གཅིག་གིས་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་ ༨ རེ་སྦེ་ ལོ་ངོ་ ༣༠ གི་རིང་ལུ་ ལཱ་འབད་བ་ཅིན་ ཚེ་ཐེངས་གཅིག་ནང་ ཧ་ལམ་ཆུ་ཚོད་ ༨༠,༠༠༠ དེ་ཅིག་གི་རྩིས་ ལཱ་འབདཝ་ལས་ ཚེ་གཡོག་འཚོལ་མི་ཚུ་གིས་ རང་སོའི་འདོད་པ་དང་ སྤྲོ་བ་ཡོད་མི་ལཱ་དེ་ གདམ་ཁ་རྐྱབ་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་ མི་ཚེ་མང་ཤོས་ཅིག་ རང་སོའི་གདམ་ཁ་རྐྱབ་མི་ ལཱ་དེ་ར་འབད་དེ་ སྡོད་དགོ་ནི་དེ་གིས་ཨིན་ཟེར་ གསུངས་གནང་ནུག།
མི་དབང་མངའ་ཞབས་མཆོག་གིས་ ཚེ་ཡོག་གདམ་ཁ་དེ་ཡང་ ད་རེས་ འཕོ་འགྱུར་ཅནགྱི་ དུས་སྐབས་ནང་ འཕྲོ་མཐུད་དེ་ར་ ཤེས་ཡོན་སྦྱང་སྟེ་ རིག་རྩལ་ཡར་དྲགས་མ་གཏང་པ་ཅིན་ ངེས་པར་དུ་ རྗེས་ཤུལ་ལུ་ ལུས་འོང་ཟེར་ཨིན་པས།
མི་དབང་ཞབས་ཀྱིས་ ང་བཅས་རའི་ རྒྱལ་ཁབ་འདི་ ད་རེས་ གཞི་སྒྱུར་གྱི་ གནས་སྐབས་ནང་ཡོདཔ་ད་ ང་བཅས་རའི་ མ་འོངས་པའི་ ཨ་ལོ་ཚུ་གི་ མཐའ་དོན་ལུ་ ལཱ་ཚུ་སྒྲིང་སྒྲིང་དང་ སྤུ་འགྱིར་དྲགས་ ཏན་ཏན་འབད་ནི་ལས་ལྷག་པའི་ བྱམས་སྙིང་མེད་ཟེར་ཨིན་པས།
དེ་ལས་ ང་བཅས་རའི་ དཔལ་འབྱོར་གྱི་སྐོར་ལས་ གསུངས་གནང་པའི་ནང་གསལ་ ངོ་རྐྱང་གི་ ལོངས་སྤྱོད་ལུ་ ཡར་འཕར་མེད་མི་དེ་ཡང་ ང་བཅས་རའི་ ཚོང་ལམ་ཆུང་ཀུ་ཨིན་པའི་གུ་ ཅ་ཆས་དང་ ཞབས་ཏོག་ ཕྱིར་ཚོང་ཚུ་ཡང་ རྒྱ་ཆེ་དྲགས་མེད་ནི་དེ་གིས་ཨིན་པའི་ཁར་ ང་བཅས་རའི་ མ་འོངས་པ་འདི་ སྒྲིང་སྒྲིང་བཟོ་ནིའི་དོན་ལས་ གཞི་འགྱམ་དེ་ར་ གཞི་རྟེན་མཁོ་ཆས་དང་ ཤེས་ཡོན་ཨིནམ་ལས་ ནུས་ཤུགས་ཡོད་མི་ དཔལ་འབྱོར་གྱི་ འཆར་གཞི་མ་བརྩམ་པའི་ སྔ་གོང་ལས་ དངོས་གཟུགས་ཅན་གྱི་ གཞི་རྟེན་མཁོ་ཆས་དང་ སྒྲིག་འཛིན་གྱི་གནས་སྟངས་ ལེགས་སྒྱུར་འབད་ནིའི་དོན་ལུ་ཡང་ ལཱ་འབད་དགོཔ་ ལེ་ཤ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གློག་མེ་ལས་སྡེའི་ནང་ དོ་འགྲན་ཚུ་ཡོད་པའི་ཁར་ ངེས་པ་ཡང་མེདཔ་ལས་ ང་བཅས་རའི་ འོང་འབབ་ཀྱི་ འབྱུང་ཁུངས་འདི་ གློག་མེ་ཉག་གཅིག་ལུ་ གཞི་བརྟེན་མ་ཚུགས་པའི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་མ་ཚད་ མི་དམངས་ཀྱི་ མ་དངུལ་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ཡང་ ལྕོགས་གྲུབ་མིན་འདུག་ཟེར་ གསུངས་གནང་ནུག།
མ་འོངས་པ་འདི་ ལེགས་ཤོམ་བཟོ་དགོ་པ་ཅིན་ དོ་འགྲན་དེ་ཚུ་བསལ་ཏེ་ ང་བཅས་རའི་ རྒྱལ་ཁབ་འདི་ མཐར་འཁྱོལ་ཅན་སྦེ་ བཟོ་ནིའི་དོན་ལུ་ ཐབས་ལམ་གང་དྲག་ སྟོན་དགོཔ་ཡོད་མིའི་ཐད་ཁར་ འབྲུག་པའི་མི་སེར་ཚུ་ལུ་ ཡིད་ཆེས་ཡོད་ཟེར་ གསུངས་གནང་ཡོདཔ་མ་ཚད་ དོ་འགྲན་དེ་ཚུ་ལུ་ གདོང་ལན་ཚུ་ཡང་ སེམས་ཤུགས་ཀྱི་སྒོ་ལས་ སྒྲིང་སྒྲིང་འབད་དེ་ ང་བཅས་རའི་ རྒྱལ་ཁབ་ལུ་ བརྩེ་སེམས་བསྐྱེད་དགོ་ཟེར་ཨིན་པས།
འཛམ་གླིང་ནང་ ང་བཅས་རའི་ རྒྱལ་ཁབ་འདི་ ཁྱད་ཆོས་མ་འདྲ་བའི་ དམིགས་བསལ་གྱི་ རྒྱལ་ཁབ་སྦེ་ བརྩི་བཀུར་ཡོད་མི་འདི་ལུ་ ཡིད་རངས་པའི་ གཞི་ཅིག་ཨིན་པའི་གུ་ སྒྲིང་སྒྲིང་བཟོ་སྟེ་ ཡིད་ཆེས་བརྟན་ཏོག་ཏོ་ བཟོ་མི་དེ་གིས་ ཁེ་ཕན་ངོ་མ་ འབྱུང་ནི་ཨིནམ་ལས་ ང་བཅས་རའི་ རྒྱལ་ཡོངས་ངོ་རྟགས་ སྒྲིང་སྒྲིང་བཟོ་ནི་ལུ་ཡང་ རྒྱབ་གཏད་ས་སྦེ་ གནས་དགོ་ཟེར་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༡༠ གྱི་དྲོ་པར་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ སློབ་སྦྱོང་མཐར་འཁྱོལ་གྱི་ དུས་སྟོན་ཐེངས་ ༢༤ པ་དེ་ མི་རྗེ་བློན་ཆེན་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཐོག་ལས་ བརྩི་སྲུང་འབད་ཡོདཔ་ད་ ཤེས་ཡོན་མཐར་འཁྱོལ་གྱི་ དུས་སྟོན་འགོ་འདྲེན་འཐབ་མི་དེ་ རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་ཞིནམ་ལས་ཚུར་ད་རེས་ འགོ་དང་པ་ཨིན་པས།
དེ་སྦེ་ ཤེས་ཡོན་མཐར་འཁྱོལ་མི་ཚུ་ཡང་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་མཐོ་རིམ་གོངམ་དང་ དངུལ་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་འོགམ་ (ཌིབ་ལོ་མ་) དེ་བཟུམ་སྦེ་ རྒྱལ་ཡོངས་ཁྲིམས་དོན་དང་ དངུལ་འབྲེལ་འཛིན་སྐྱོང་ནང་ཡང་ ཌིབ་ལོ་མའི་ སློབ་སྦྱོང་འབད་ནུག།
དེ་མ་ཚད་ སློབ་སྦྱོང་མཐར་འཁྱོལ་གྱི་ རྟེན་འབྲེལ་བརྩི་སྲུང་ནང་ བདེ་སྲུང་རིག་རྩལ་ལས་འགུལ་དང་ མཉམ་འབྲེལ་ཐོག་ལས་ བདེ་སྲུངཔ་ཚུ་ལུ་ དམིགས་གཏད་བསྐྱེད་མི་ དངུལ་རྩིས་ཌིབ་ལོ་མ་དང་ ལག་ཁྱེར་གྱི་ སློབ་སྦྱོང་ཁ་སྐོང་ ༢ མཐར་འཁྱོལ་མི་ཚུ་ཡང་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 2
Users Yesterday : 1379
This Month : 2
This Year : 228843
Total Users : 940659
Views Today : 15
Total views : 2739058
Who's Online : 4