འཕྲིས་རྡོ་རྗེ།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མཁྱེན་རྒྱ་ཆེ་བའི་ དབུ་ཁྲིད་བཟང་པོ་དང་ འབྲུག་མི་བསོད་ནམས་ཅན་གྱི་རྒྱབ་སྐྱོར་དང་ ཡིད་ཆེས་ཀྱིས་ སེམས་སྐུལ་བྱུང་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པའི་ ཁ་ཐུག་ལས་ “སྔར་བ་དྲག་པའི་འབྲུག་ཡུལ་: ང་བཅས་ཀྱིས་ འགྲུབ་ནི་ཨིན་པའི་ཁས་ལེན” ཟེར་བའི་ བརྗོད་དོན་གསར་བསྒྱུར་འབད་ནུག།
བརྗོད་དོན་དེ་གིས་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ འབྲུག་མི་ཚུ་ལུ་ ཚེ་སྲོག་དང་ འཚོ་བ་ལུ་ བར་ཆད་བྱུང་ཡོད་པའི་ཁར་ བུ་གཞི་ཚུ་གི་ མ་འོངས་གནས་སྟངས་ རྒྱབ་ཁར་བསྐྱུར་ཏེ་བཞག་དགོཔ་ ཐོན་ཡོད་མི་ཚུ་དང་འབྲེལ་ཏེ་ སྔོན་ཆད་མ་བྱུང་པའི་ འཚོ་བ་དང་ ཚེ་སྲོག་ཉེན་སྲུང་གི་ དཀའ་སྡུག་གི་ བརྡ་མཚོནམ་ཨིན་པས།
དེ་མ་ཚད་ འབྲུག་གི་དཔལ་འབྱོར་ལུ་ བྱེམ་སྦོམ་ཕོག་ཡོད་པའི་གུ་ ཤེས་རིག་རིམ་ལུགས་དེ་ཡང་ ཉམས་སོངཔ་ལས་ མི་སེར་ཚུ་ རེ་ཐག་ཆད་དེ་ མི་སེར་ལེ་ཤ་ཅིག་གིས་ ཡིད་ཆེས་བསྐྱེད་མ་ཚུགས་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དེ་བཟུམ་སྦེ་ འདས་པའི་ལོ་ངོ་བཅུ་ཕྲག་གི་ དུས་ཡུན་དང་ཕྱདཔ་ད་ ལཱ་གཡོག་གི་ གོ་སྐབས་ཚུ་ཡང་ དམའ་མཐའི་ཚད་གཞི་ཁར་ བབས་ཡོད་མི་དང་གཅིག་ཁར་ བུ་ལོན་ཚུ་ཡང་ ཚད་ལས་ལྷག་སྟེ་ ཡར་སེངསོང་ཡོདཔ་ལས་ གོང་འཕེལ་གྱི་ ལཱ་ཚུ་ཡང་ འགུལ་མེད་གྱི་ གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གོང་གི་གནས་སྟངས་ཚུ་ བསྐྱར་སྒྲིག་འབད་ནི་དང་ བདེ་སྒྲིག་འབད་ནི་ བསྐྱར་གསོ་འབད་ནི་ཚུ་གི་ དུས་ཚོད་འདི་ ད་རེས་ཨིནམ་ལས་ དོ་འགྲན་ཚུ་ ག་དེམ་ཅིག་ར་སྦོམ་ཡོད་རུང་ བསལ་མ་ཚུགསཔ་ཅིག་ མེད་ཟེར་ཨིན་པས།
ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ མི་དབང་མངའ་བདག་རིན་པོ་མཆོག་གི་ མཁྱེན་གསལ་ཆེ་བའི་ དབུ་ཁྲིད་དང་ མི་སེར་གྱི་ཤ་ཞེན་ དེ་ལས་ ཞི་གཡོག་པའི་ ལྕོགས་གྲུབ་ཚུ་ལུ་བརྟེན་ཏེ་ གཞན་དང་མ་འདྲ་བའི་ བྱིན་རླབས་ཅན་གྱི་ རྒྱལ་ཁབ་ཅིག་ཨིན་ཟེར་བཀོད་ནུག།
འདི་འབདཝ་ལས་ ང་བཅས་ལུ་ དགོས་མཁོ་དེ་ར་ ཡར་འཕར་དང་ གོང་འཕེལ་གྱི་ གོ་སྐབས་ཚུ་ ཚུལ་མཐུན་སྤྱོད་ཤེས་མི་ ལྕོགས་གྲུབ་ཅན་གྱི་ གཞུང་ཅིག་དང་ འབྲུག་གི་རྩ་བ་གསུམ་ལུ་ དོ་ཟླ་མེད་པའི་ ཞབས་ཏོག་ཞུ་ཐབས་ལུ་ རེ་འདུན་འདི་ འགྲུབ་ཚུགས་མི་ འོས་འབབ་ཅན་གྱི་ ཚོགས་པ་འདི་ འབྲུག་དམངས་གཙོ་ཚོགས་པ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།