རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༩ པའི་ཚེས་ ༢༢ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྟ་བཤལ་དང་ རྒྱལ་ཁབ་ཀྱི་ གཞི་རྩ་གསརཔ་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་འགོ་འབྱེད་མཛད་གནང་ཡི།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་ལུ་བརྟེན་པའི་ ཡོངས་འབྲེལ་འཆར་སྒོ་འདི་གིས་ འཛམ་གླིང་རྒྱལ་སྤྱིའི་ ལྟ་བཤལ་པ་ཚུ་ ང་བཅས་རའི་ རྒྱལ་ཁབ་ནང་ འཇམ་ཏོང་ཏོ་སྦེ་ འོང་ཚུགས་ཟེར་ཨིན་པས།
དེ་ཡང་ བརྗོད་དོན་གསར་པའི་ཐོག་ལུ་ ཡོངས་འབྲེལ་འཆར་སྒོའི་ནང་ ལྟ་བཤལཔ་ཁོང་ར་གིས་ ཐོ་བཀོད་འབད་དེ་ སྐྱོད་ཐམ་འཐོབ་ཚུགས་པའི་ ཁེ་ཕན་ཡོད་པའི་ཁར་ ས་གནས་ག་ཏེ་ལས་ཡང་ ཞབས་ཏོག་ཚུ་ འཐོབ་ཚུགས་ཟེར་གསུངས་ཡི།
དེ་ལས་ བརྗོད་དོན་འདི་གིས་ འཕྲལ་མགྱོགས་ར་ འགྱུར་བ་སྦོམ་སྦེ་ འབྱུང་མ་ཚུགས་ཏེ་འབད་རུང་ མ་འོང་པར་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཁྱད་པར་སྦོམ་ བཟོ་ཚུགས་པའི་གུ་ མ་འོངས་ན་གཞོན་ཚུ་གི་དོན་ལུ་ཡང་ གཡོག་གི་གོ་སྐབས་སྦོམ་ བཟོ་ཚུགས་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ དེང་སང་གི་ དུས་ཚོད་འདི་ཁར་ འཛམ་གླིང་རྒྱལ་ཁབ་ ག་ཏེ་ལུ་ཡང་ འགྱུར་བ་སྦོམ་ འགྱོཝ་བཞིན་དུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ འགྱུར་བ་སྦོམ་སྦེ་ར་ འགྱོ་མི་དང་འཁྲིལ་ཏེ་ ལྟ་བཤལ་ལས་རིམ་ཚུ་ཡང་ བསྒྱུར་བཅོས་འབད་དགོཔ་ ངེས་ཏིག་ཡོདཔ་ལས་ ང་བཅས་ཀྱིས་ འབྲུག་ལུ་ཡིད་ཆེས་ཟེར་མི་ བརྗོད་དོན་དང་གཅིག་ཁར་ ཡོངས་འབྲེལ་འཆར་སྒོ་ཡང་ གསར་བཏོད་འབད་ཡི་ཟེར་ཨིན་པས།
ལས་རིམ་འདི་ བཟོ་ནིའི་དོན་ལུ་ འཛམ་གླིང་རྒྱལ་སྤྱིའི་ མཁས་མཆོག་ལེ་ཤ་ཅིག་ འབོ་བའི་ཁར་ འབྲུག་མི་མཁས་མཆོག་ ལེ་ཤ་ཅིག་དང་ཡང་ ཟླ་ངོ་ ༣ དེ་ཅིག་གི་རིང་ལུ་ གྲོས་བསྟུན་དང་ གོ་བསྡུར་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དམིགས་གཏད་ ༥ གི་ཐོག་ལུ་ རྒྱལ་ཁབ་ཀྱི་ ངོ་རྟགས་དང་ལྡན་པའི་ འབྲུག་ལུ་ཡིད་ཆེས་ཟེར་མི་ ཡོངས་འབྲེལ་འཆར་སྒོ་ བཟོ་ཡོད་མི་དེ་ཡང་ དང་པ་ འབྲུག་མི་ཚུ་གི་ མ་འོངས་ཆ་བཞག་དང་ ཡིད་ཆེས་སྐྱེད་དགོཔ། གཉིས་པ་ རང་གིས་རང་ལུ་ ཆ་བཞག་དང་ ཡིད་ཆེས་སྐྱེད་དགོཔ། གསུམ་པ་ རང་གི་ ཆོས་དང་ ལམ་སྲོལ་ལུ་ ཡིད་ཆེས་སྐྱེད་དགོཔ། བཞི་པ་ རང་གིས་སླབ་མི་བློ་ལུ་ ཡིད་ཆེས་སྐྱེད་དགོཔ། ལྔ་པ་ རང་གི་མཐའ་འཁོར་གནས་སྟངས་ལུ་ ཡིད་ཆེས་བསྐྱེད་དགོཔ་ཚུ་ཨིན་ཟེར་ འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ བཤད་ཡོད་པའི་གནས་ཚུལ།