
རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་ཚབ་སྦེ་ རྒྱ་པཱན་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ རྒྱ་པཱན་གྱི་བློན་ཆེན་ ཀི་ཤི་ད་ ཕུ་མེ་ཡོ་དང་གཅིག་ཁར་ ཊོ་ཀི་ཡོ་ལུ་ ཨ་ཀ་ས་ཀ་ ཕོ་བྲང་ནང་སྦེ་ མཇལ་ཕྲད་མཛད་གནང་ནུག།
དེ་བསྒང་ མི་དབང་རྒྱལ་སྲསམོ་མཆོག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཚེ་འདས་ཤིན་ཟོ་ཨེ་བི་ལུ་ བློ་འགྱོད་ཅན་གྱི་ རྐྱེན་ངན་བྱུང་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ འབྲུག་རྒྱལ་ཁབ་ དེ་ལས་ མི་སེར་ཡོངས་ཀྱི་ ཁ་ཐུག་ལས་ ཐུགས་ཀྱི་གདིང་ལས་ར་ མྱ་ངན་གྱི་ སེམས་གསོ་མཛདཔ་དང་ཅིག་ཁར་ མི་དབང་རྒྱལ་སྲསམོ་མཆོག་གིས་ རྒྱ་པཱན་གྱི་ དབུ་ཁྲིད་བཟང་ཤོས་ཅིག་དང་ འབྲུག་གི་ཆ་རོགས་ མཐུན་ཤོས་ཅིག་ མི་རྟག་སྔ་ལམ་ལུ་ ཐལ་སོང་ནི་དེ་གིས་ ཐུགས་ཕམ་སྦོམ་ བྱུང་ཡི་ཟེར་ཨིན་པས།
རྒྱ་པཱན་གྱི་ བློན་ཆེན་གྱིས་ ང་བཅས་ཀྱི་ བློན་ཆེན་བཤགས་མི་ལུ་ འབྲུག་རྒྱལ་ཁབ་ཀྱིས་ དེ་བཟུམ་མའི་ མྱ་ངན་གྱི་ སེམས་གསོ་མཛད་པར་ རྒྱལ་ཁམས་ཀྱི་ པུར་སྦྱང་ནང་ བྱོན་གནང་མི་འདི་ལུ་ བཀྲིན་ཆེ་ཟེར་ ཞུཝ་དང་གཅིག་ཁར་ འབྲུག་གི་མི་དབང་མངའ་ཞབས་མཆོག་གིས་ འབྲུག་རྒྱལ་ཡོངས་ཀྱི་ གནས་རིམ་ཁར་ དཀར་མེ་སྟོང་མཆོད་ ཕུལ་གནང་སྟེ་ མྱ་ངན་མཛད་གནང་མི་ལུ་ཡང་ རྗེས་སུ་ཡིད་རངས་ཡོད་ལུགས་ཚུ་ཞུ་ནུག།
མི་དབང་རྒྱལ་སྲསམོ་མཆོག་གིས་ རྒྱ་པཱན་གཞུང་དང་ མི་སེར་ཚུ་གིས་ ང་བཅས་ འབྲུག་གི་གོང་འཕེལ་ལཱ་ནང་ འགྱུར་བ་མེད་པའི་ གྲོགས་རམ་བྱིན་པའི་ཁར་ ད་ལས་ཕར་ཡང་ དེ་བཟུམ་མའི་ གྲོགས་རམ་འཕྲོ་མཐུད་ཀྱི་ ཁས་ལེན་འབད་མི་ལུ་ཡང་ རྒྱ་པཱན་གཞུང་དང་ མི་སེར་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ གསུངས་གནང་ཡོདཔ་ཨིན་པས།
རྒྱ་པཱན་གྱི་ བློན་ཆེན་མཆོག་གིས་ ཕྱོགས་མང་དང་ ཟུང་ཕྱོགས་ཀྱི་ གནས་རིམ་ཚུ་ནང་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མཉམ་འབྲེལ་དམ་ཟབ་ཡོད་མི་འདི་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ ཞུ་ཡོདཔ་མ་ཚད་ རྒྱལ་ཁབ་ ༢ ཀྱི་ ཟུང་ཕྱོགས་མཐུན་འབྲེལ་འདི་ མ་འོངས་པ་ལུ་ཡང་ སྔར་བ་ལྷག་སྟེ་ བཙན་ཐབས་འབད་ཚུགས་པའི་ ཡིད་ཆེས་ཡོད་ཟེར་ ཞུ་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 977
Users Yesterday : 2073
This Month : 3050
This Year : 182953
Total Users : 894769
Views Today : 1366
Total views : 2628190
Who's Online : 6