
རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ རྒྱུན་འགྲུལ་མི་ལམ་ཟེར་ མིང་གསརཔ་བཏགས་ཏེ་ ཧེ་མའི་གཞུང་ལམ་ ཀི་ལོ་མི་ཊར་ ༤༠༣ དེ་ཅིག་ཡོད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་འོག་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ འབྲུག་ཀེ་ནེ་ཌ་ གཞི་ཚོགས་ཀྱི་ སེམ་བཱ་ལ་ཡཱད་ མཉམ་འབྲེལ་ཐོག་ལས་ ལོག་ཉམས་བཅོས་འབད་དེ་ཡོད་མི་འདི་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ སེམས་རྟོགས་ཁའི་ རྫོང་ནང་ལས་སྦེ་ གཞུང་འབྲེལ་ཐོག་ལུ་ འགོ་འབྱེད་མཛད་གནང་ཡི།
རྒྱུན་འབྲེལ་མི་ལམ་འདི་ རིང་ཚད་ཀི་ལོ་མི་ཀྲར་ ༤༠༣ དེ་ཅིག་དེ་ རྫོང་ཁག་ ༩ དང་ རྒེད་འོག་ ༢༧ དང་ མཐུད་སྦྲེལ་འབད་བའི་ཁར་ ལ་ ༡༢ དང་ སྤྲིངས་ཟམ་ ༥ ཤིང་ཟམ་ ༡༠ བརྒལ་འགྱོ་དགོཔ་ད་ ལྷ་ཁང་ ༢༡ དང་ མཆོད་རྟེན་ ༧༧ ཡང་ ལམ་འགྱོ་བའི་ཞོར་ཁ་ལུ་ མཇལ་ཚུགས་ནི་ཨིནམ་མ་ཚད་ མི་ལམ་དེ་ ལ་ལུང་ལེ་ཤ་ཅིག་བརྒལ་ཏེ་ འགྱོ་དགོཔ་ལས་ ལ་གོང་འོག་ ༣ ལུ་ཡོད་མི་ སྔོ་ཤིང་དང་ ལོ་ཐོག་ཚུ་ཡང་ ལེ་ཤ་ཅིག་ར་ ལྟ་རྟོགས་འབད་ཚུགས་ནི་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ མི་ལམ་ཉམས་བཅོས་ཀྱི་ལཱ་ཚུ་ སྤྱི་ལོ་ ༢༠༡༨ ལས་ ཚོགས་སྡེ་གིས་ དང་ཕུའི་ལུགས་སྲོལ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་དེ་་ རྒྱལ་ཁབ་ཀྱི་ ལམ་སྲོལ་ཚུ་ གསལ་སྟོན་འབད་ནིའི་ དམིགས་པ་ཨིན་ཟེར་ བཤདཔ་ཨིན་པས།
གཡུས་གོ་བརྒྱུད་དེ་ འགྱོ་དགོ་མི་ཚུ་གིས་ གཡུས་ཚན་ཚུ་ནང་ མགྱོནམོ་ཚུ་སྡོད་སའི་ ཁྱིམ་ངོས་འཛིན་འབད་མི་ཚུ་ནང་ སྡོད་ནི་གི་ གདམ་ཁ་ཡོད་པའི་ཁར་ ལ་བཤལ་ འགྱོ་ནི་གི་ གདམ་ཁ་ཚུ་ཡང་ཡོད་ཟེར་ཨིནམ་ད་ མི་ལམ་དེ་ཚུ་ བདེ་སྲུངཔ་དང་ གཡུས་མི་ ཨིཛ་ཀའུཊ་ དེ་ལས་ དང་འདོད་ཡོད་མི་ མི་ངོམ་ཚུ་གིས་ ཉམས་བཅོས་འབད་ནུག།
དེ་སྦེ་ ཉམས་བཅོས་འབད་མི་ རྒྱུན་འགྲུལ་མི་ལམ་དེ་ ཡོངས་རྫོགས་སྦེ་ མཐར་བསྐྱལ་དགོ་པ་ཅིན་ ཉིན་གྲངས་ ༣༦ དེ་ཅིག་ འགོར་ནི་ཨིན་རུང་ མི་ཚུ་གིས་ རང་སོའི་བློ་འདོད་ལྟར་དུ་ རྫོང་ ཁག་ ༩ གི་ ནང་འཁོད་ལུ་ཡང་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པས།
འབྲུག་རྒྱུན་འགྲུལ་མི་ལམ་ འགོ་འབྱེད་དང་འབྲེལ་ཏེ་ མི་ལམ་ཡུན་བརྟན་གྱི་དོན་ལུ་ འཐུས་མིའི་ལས་རིམ་དེ་ཡང་ འགོ་བཙུགས་ཡོདཔ་ད་ དེ་ཡང་ གཙུག་སྡེ་དང་ འཐུས་མི་ངོ་རྐྱང་སྦེ་ འཛུལ་ཞུགས་འབད་ནི་གི་ གདམ་ཁ་ཡོད་པའི་ཁར་ འཐུས་མིའི་འཐུས་དེ་ཡང་ ལོ་ ༡ ནང་ དངུལ་ཀྲམ་ ༣༠༠ ལས་ འགོ་བཙུགས་ནི་དང་ འཐུས་མི་ཚུ་ལུ་ འབྲུག་རྒྱུན་འགྲུལ་མི་ལམ་གྱི་ ཆོག་ཐམ་ཅིག་ཡང་ བྱིན་ནི་ཨིནམ་ལས་ མི་ལམ་བདའ་སྟེ་འགྱོཝ་ད་ མཐོང་སྣང་ཚུ་ སྒྲ་བཟུང་འབད་ཚུགས་ནི་ཨིན་པས།
འབྲུག་རྒྱུན་འགྲུལ་མི་ལམ་གྱི་ ལས་རིམ་མདོ་ཆེན་གོངམ་ བསོད་ནམས་རིན་ཆེན་གྱིས་ དང་ཕུ་ ཕམ་ཚུ་གིས་བཟོ་མི་ ལམ་དེ་ཚུ་ལུ་ མཉམ་རུབ་ཐོག་ལས་ གུས་ཞབས་ཐོག་ལས་ རྒྱུན་སྐྱོང་དང་ ཡར་དྲག་གཏང་ནི་གི་ ཁས་བླངས་འབད་དེ་ མ་འོངས་ན་གཞོན་ཚུ་ལུ་ ཁྱོསམ་བཟུམ་སྦེ་ བྱིན་ཚུགསཔ་མ་ཚད་ མི་ལམ་དེ་ འབྲུག་གི་རྒྱལ་རབསཀྱི་དོན་ལུ་ རྒྱལ་ཡོངས་ཀྱི་ གཅིག་མཐུན་གྱི་ བརྡ་མཚོན་ཡང་ཨིནམ་སྦེ་ བཤད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1416281
Views Today :
Total views : 5000
Who's Online :