
ལྷག་པ་གྲུབ་པ།
རང་ཟླ་ ༩ པའི་ ཚེས་ ༡༡ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ འབྲུག་གི་སྤྱི་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༨ པ་ འཚོགས་གནང་ནི་སྦེ་ གཏན་འཁེལ་བཟོ་གནང་ནུག།
དེ་འབདཝ་ལས་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་དང་ ལས་སྡེ་ ས་གནས་གཞུང་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ གོང་འཕེལ་དང་འབྲེལ་བའི་ གནད་དོན་ཚུ་མིན་པར་ གལ་གནད་ཆེ་བའི་ གནད་དོན་གཞན་ཚུ་ གསུང་གྲོས་གནང་དགོཔ་ཡོད་པ་ཅིན་ གཤམ་འཁོད་ལམ་སྟོན་དང་འཁྲིལ་ཏེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ གྱི་ ནང་འཁོད་ལུ་ གྲོས་གཞི་སྔོན་འགྲོའི་ ཞལ་འཛོམས་ནང་ བཙུགས་ནིའི་དོན་ལས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ ལྷོད་དགོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གོང་གསལ་ཚེས་གྲངས་ཀྱི་ ནང་འཁོད་ལུ་ མ་ལྷོད་པ་ཅིན་ གནད་དོན་ཚུ་ ཚོགས་ཐེངས་འདི་གི་ གྲོས་གཞིའི་གྲལ་ཁར་ བཙུགས་ཐབས་མེད་པའི་ གསལ་བསྒྲགས་འབདཝ་ཨིན་ཟེར་བཀོད་ནུག།
རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ལྷན་འཛོམས་ཀྱི་ གྲོས་གཞི་སྔོན་འགྲོའི་ ཞལ་འཛོམས་འདི་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ འཚོགས་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ལས་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་ གྲོས་གཞིའི་ཞལ་འཛོམས་ནང་ ཆད་ལུས་མེད་པར་ འཛོམས་དགོ་ཟེར་ཨིན་པས།
གྲོས་གཞི་ཕུལ་ཐངས་དེ་ཡང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཁག་ལས་ སྙན་ཞུ་དང་ གྲོས་གཞི་ཚུ་ག་ར་ རྫོང་ཁ་དང་ ཨིང་ལིཤ་སྐད་ཡིག་ ༢ ཟུང་འབྲེལ་གྱི་ཐོག་ལུ་ ཕུལ་དགོ་ནི་དང་།
ལྷན་ཁག་དང་ ལས་སྡེ་ཁག་ཚུ་ལས་ སྙན་ཞུ་དང་ གྲོས་གཞི་ དཔྱད་ཡིག་དང་ མཐུན་གྲོས་རེ་ ཕུལ་ནི་ཡོད་མི་ཚུ་ཡང་ རྫོང་ཁ་དང་ ཨིང་ལིཤ་སྐད་ཡིག་ ༢ ཟུང་འབྲེལ་གྱི་ཐོག་ལུ་ སྔར་ག་ཨིནམ་སྦེ་ ལྷན་རྒྱས་གཞུང་ཚོགས་བརྒྱུད་དེ་ གང་མགྱོགས་ཕུལ་དགོ་ཟེར་ཨིན་པས།
དེ་ལས་ ས་གནས་གཞུང་ངམ་ རྫོང་ཁག་ཚུ་ལས་ གོང་འཕེལ་དང་ འབྲེལ་བ་མེད་པའི་ གནད་དོན་གལ་ཅན་གྱི་ ཞུ་ཡིག་རེ་ ཕུལ་ནི་ཡོད་པ་ཅིན་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ ཁྲི་འཛིན་དང་ རྫོང་བདག་གི་ ལག་བྲིས་དང་བཅསཔ་སྦེ་ ཕུལ་དགོ་ཟེར་བཀོད་ནུག།
རྩ་ཁྲིམས་ཅན་གྱི་ གཙུག་སྡེ་དང་ ལྷན་ཁག་དང་ ལས་ཁུངས་ ལས་སྡེ་ཁག་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ནང་ སྙན་ཞུ་ལ་སོགས་པའི་ ཡིག་ཆ་ག་ཅི་ར་ ཕུལ་ནི་ཡོད་རུང་ རྫོང་ཁའི་ཐོག་ལུ་ ཚུལ་ལྡན་སྦེ་ ཕུལ་དགོཔ་བཞིན་དུ་ ཨིང་སྐད་ཐོག་ལུ་ ཕུལ་མི་ཚུ་ དགོས་མཁོ་ག་དེ་སྦེ་ར་ཡོད་རུང་ དྲུང་ཆེན་ཡིག་ཚང་ལས་ ངོས་ལེན་མི་འབད་ཟེར་ གསལ་བསྒྲགས་ནང་ བཀོད་འདུག་པའི་གནས་ཚུལ།



Users Today : 437
Users Yesterday : 2073
This Month : 2510
This Year : 182413
Total Users : 894229
Views Today : 584
Total views : 2627409
Who's Online : 6