
ལྷག་པ་གྲུབ་པ།
ཐིམ་ཕུ་ལུ་ དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ ཕུར་པའི་སྒྲུབ་ཆེན་དེ་ བར་མཚམས་བླམ་ ཨྱོན་རྣམ་གྲོལ་ དབུ་བཞུགས་ཐོག་ལུ་ སྒོམ་ཆེན་དང་ དགེ་སློང་ཞལ་གྲངས ༥༠ དེ་ཅིག་གིས་ ཉིན་གྲངས་ ༡༠ གི་རིང་ལུ་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལས་ འགོ་བཙུགས་ཡོདཔ་ད་ སྒྲུབ་ཆེན་འདི་ ལོ་བསྟར་བཞིན་དུ་ གཞུང་གྲྭ་ཚང་གི་ འགོ་འདྲེན་་ཐོག་ལས་ སྤྱིར་འཛམ་གླིང་དང་ལྷག་པར་དུ་ རྒྱལ་ཁབ་འདི་ནང་ ནད་ཡམས་མུ་གེ་དང་ དམག་འཁྲུག་ཚུ་ ཞི་ཐབས་ལུ་ཨིན་ཟེར་ བར་མཚམས་སྒོམ་སྡེའི་སྐུ་དྲུང་ སློབ་དཔོན་ཚེ་དབང་བཀྲིས་ཀྱིས་ བཤདཔ་ཨིན་པས།
སྒྲུབ་ཆེན་འདི་ བདུད་འཇོམས་རིན་པོ་ཆེ་ སྐྱབས་རྗེ་འཇིགས་འབྲལ་ཡེས་ཤེས་རྡོ་རྗེའི་ གཏེར་ཆོས་ལས་ཨིན་མི་ ཕུར་པ་གནམ་ལྕགས་སྤུ་གྲིའི་ སྒྲུབ་ཆེན་ཨིནམ་ལས་ ག་ནི་བ་ རྩ་ཆེ་བའི་ཁར་ བྱིན་རླབས་ཆེ་ཤོས་ཅིག་ཡང་ཨིན་པས།
དེ་མ་ཚད་ དགོངས་རྫོགས་མཆོད་རྟེན་འདི་ སྐྱབསརྗེ་འཇིགས་འབྲལ་ཡེས་ཤེས་རྡོ་རྗེ་མཆོག་གི་ ལུང་བསྟན་དང་འཁྲིལ་ཏེ་ གདུང་སྲས་འཕྲིན་ལས་ནོར་བུ་དང་ བླམ་བསོད་ནམས་བཟང་པོ་ ༢ དབུ་ཞུགས་ཐོག་ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་ ༣ པའི་ རྗེས་དྲན་ལུ་ བཞེངས་གནང་ནུག།
སྒྲུབ་ཆེན་དེ་ སྤྱི་ལོ ༡༩༧༤ ལུ་ དགོངས་རྫོགས་མཆོད་རྟེན་ གསར་བསྒྲུབས་ཀྱི་ བཀྲིས་རབ་གནས་དང་འབྲེལ་ཏེ་ སྐྱབས་རྗེ་བདུད་འཇོམས་མཆོག་གིས་ འགོ་བཙུགས་གནང་པའི་ཤུལ་ལས་ རྒྱུན་མ་ཆད་པར་ ལོ་བསྟར་བཞིན་དུ་ གནངམ་ཨིན་པས།
མཆོད་རྟེན་དེ་གི་ ནང་རྟེན་ཡང་ བཀའ་དགོངས་ཕུར་ ༣ འབདཝ་ད་ སྟེང་ཐོག་ལུ་ དགོངས་འདུས་དང་ བར་ཐོག་ལུ་ བཀའ་བརྒྱད་ འོག་ཐོག་ཕུར་པའི་ སྐུ་འདྲ་ཚུ་ཡོདཔ་ཨིན་པས།
སྟེང་ཐོག་ལུ་ དགོངས་འདུས་ཀྱི་ སྒྲུབ་ཆེན་དེ་ གཞུང་གྲྭ་ཚང་གིས་ གནང་དོ་ཡོདཔ་ད་ བར་ཐོག་ལུ་ བཀའ་བརྒྱད་སྒྲུབ་ཆེན་དེ་ ཐིམ་ཕུ་ཐ་བྲག་སྒྲུབ་སྡེའི་ མཚམས་པ་ཚུ་གིས་ གནང་དོ་ཡོད་པའི་ཁར་ འོག་ཐོག་ལུ་ ཕུར་པའི་སྒྲུབ་ཆེན་དེ་ བཀྲིས་སྒང་བར་མཚམས་ གསང་བདག་དགོན་པའི་ མཚམས་པ་དང་ སྒོམ་ཆེན་ཚུ་གིས་ གནང་དོ་ཡོདཔ་ཨིན་པས།
བཀའ་བརྒྱད་དང་ དགོངས་འདུས་ དེ་ལས་ ཕུར་པ་ ༣ དེ་ སྔ་འགྱུར་རྙིང་མའི་ ཡི་དམ་གཙོ་བོ་ཨིནམ་ལས་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གིས་ གཞི་བཙུགས་གནང་ཡོདཔ་ད་ ཕུར་པའི་སྒྲུབ་ཆེན་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1400006
Views Today :
Total views : 5000
Who's Online :