
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལས་ ༢༡ ཚུན་ འབྲུག་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ མི་མང་འཕྲོད་བསྟེན་གྱི་ གཙོ་རིམ་དང་ མི་སྡེའི་གནད་དོན་ཚུ་དང་འབྲེལ་བའི་ ཆེ་མཐོའི་གནས་ཚད་ཐོག་ལུ་ གོ་བརྡའི་ལས་རིམ་གྱི་ ཆ་ཤས་ཅིག་སྦེ་ མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ ཆིབས་བསྐྱོད་གནང་ནུག།
མི་དབང་རྒྱལ་ཡུམ་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་དང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་ དེ་ལས་ གསོ་བའི་ལྷན་ཁག་དང་ ཤེས་རིག་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ མཉམ་འབྲེལ་འཐབ་མི་ ལྷན་ཁག་དང་ ལས་སྡེ་ཚུ་གི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།
གཟིགས་སྐོར་དེ་ཡང་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་དང་ གསོ་བའི་ལྷན་ཁག་ ཤེས་རིག་ལྷན་ཁག་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ དེ་ལས་ རྒྱལ་ཡུམ་གྲོགས་རམ་ བློ་གཏད་མ་དངུལ་ཚུ་ མཉམ་འབྲེལ་ཐོག་ལུ་ འགོ་འདྲེན་འཐབ་ཅི་ཟེར་ རྒྱལ་ཡུམ་གྲོགས་རམ་ བློ་གཏད་མ་དངུལ་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
མི་དབང་རྒྱལ་ཡུམ་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ ལུང་ནག་ནང་ ཐང་ཟོར་རྒྱ་སྐྱེད་སློབ་གྲྭའི་ནང་འཛོམས་མི་ མི་སེར་ཚུ་ལུ་ ཨམ་སྲུ་དང་ ཨ་ལོ་ཚུ་གི་ འཕྲོད་བསྟེན་དང་ བདེ་ཉམས་ ལེགས་སྒྱུར་གྱི་དོན་ལས་ གསོ་བའི་ཞབས་ཏོག་ཚུ་ དུས་ཚོད་ཁར་ ལེན་དགོ་ཟེར་ གསུངས་གནང་པའི་ཁར་ མངལ་སྒོའི་་ཀེན་སར་ བརྟག་དཔྱད་དང་ ལུས་འབྲེལ་ལུ་བརྟེན་པའི་ ནད་གཞི་ཨེཆ་ཨའི་ཝི་དང་ ཨེཌཛ་བཀག་ཐབས་ དེ་ལས་ ན་གཞོན་གྱི་ དཀའ་ངལ་དང་ དོ་འགྲན་ ནང་འཁོད་རྩུབ་སྤྱོད་ཚུ་གི་སྐོར་ལས་ ཧ་གོ་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ གསུངས་གནང་ནུག།
གསོ་བདང་ ཤེས་རིག་ ཨམ་སྲུའི་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ འགོ་དཔོན་ཚུ་གིས་ འབུ་ནི་ཡོད་མི་དང་ འབུ་ནི་མེད་མི་ ནད་གཞི་ཚུ་གི་སྐོར་ལས་དང་ ཤེས་རིག་དང་ ཕོ་མོ་དྲ་མཉམ་ ཨམ་སྲུའི་སྲུང་སྐྱོབ་ ཨ་ལོའི་ཐོབ་དབང་ རྩུབ་སྤྱོད་ ལུས་འབྲེལ་དང་ སྐྱེ་རྒྱུན་འཕྲོད་བསྟེན་ སྐྱེས་མའི་འཕྲོད་བསྟེན་གྱི་ སྐྱོང་བཞག་ཚུ་གི་སྐོར་ལས་ ཤེས་ཡོན་ཡོད་མི་ ལུང་ནགཔ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ ཡོདཔ་ད་ མི་དབང་རྒྱལ་ཡུམ་མཆོག་གིས་ ས་གནས་དེ་ཁར་འཛོམས་མི་ མི་སེར་ ༥༠༠ ལྷགཔ་ཅིག་ལུ་ ལྟོ་ཁ་ཅིག་ཡང་ གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ ཐང་ཟོར་རྒྱ་སྐྱེད་སློབ་གྲྭའི་ནང་སྦེ་ ལུང་ནག་ནང་ གཞི་རིམ་སློབ་གྲྭ་ ༣ གྱི་ སློབ་དཔོན་ཚུ་དང་ མཇལ་ཕྲད་མཛད་དེ་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ ཟླ་ཁྲག་དང་ རང་སོའི་འཕྲོད་བསྟེན་ ན་ལོན་གྱི་འཕྲོད་བསྟེན་ དེ་ལས་ ཤེས་ཡོན་གྱི་གནད་གལ་ ཕོ་མོ་འདྲ་མཉམ་ཚུ་གི་སྐོར་ལས་ དྲན་གསལ་མཛད་གནང་པའི་ཤུལ་ལུ་ སློབ་དཔོན་ཚུ་དང་ རྒེད་འོག་གི་ འགོ་དཔོན་ཚུ་ དེ་ལས་ ཞི་གཡོགཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཅིག་ཡང་གནང་ནུག།
རྒྱལ་ཡུམ་གྲོགས་རམ་ བློ་གཏད་མ་དངུལ་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་དབང་རྒྱལ་ཡུམ་མཆོག་གིས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ གསོལ་རས་དང་ སློབ་ཕྲུག་ཚུ་དང་ ཞི་གཡོགཔ་ ༤༠ ལུ་ ལྟོ་ཁ་ཅིག་ཡང་ གནང་ཡི་ཟེར་ཨིན་པས།
དེ་བསྒང་ ལུང་ནག་ནང་གི་ མི་སེར་ཚུ་ལུ་ གཤག་བཅོས་མཁས་མཆོག་ཅིག་དང་ མོ་ནད་མཁས་མཆོག་ཅིག་དང་སྦྲགས་པའི་ གསོ་བའི་ཁྱད་ལཱ་འབད་མི་ སྡེ་ཚན་ཅིག་གིས་ སྤྱིར་བཏང་འཕྲོད་བསྟེན་བརྟག་དཔྱད་དང་ ཀེན་སར་བརྟག་དཔྱད་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ད་ ནད་གཞི་འཚུབ་ཅན་ཡོད་མི་ཚུ་ བརྟག་དཔྱད་ཁ་སྐོང་གི་དོན་ལས་ ཐིམ་ཕུ་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཏང་ནུག།
འབྲུག་གི་དོན་ལས་ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་གྱི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་མཆོག་གིས་ ལོ་ངོ་ ༢༠ ལྷགཔ་ཅིག་གི་རིང་ལུ་ རྒྱལ་ཁབ་ནང་ མི་མང་འཕྲོད་བསྟེན་དང་ མི་སྡེའི་གནད་དོན་ཚུ་དང་འབྲེལ་བའི་ ཕྱག་ལཱ་ཚུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་དེ་ གནང་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་ གོ་བརྡའི་ལས་རིམ་དེ་ནང་ གྲལ་གཏོགས་འབད་མི་ ལྷན་ཁག་དང་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ མི་དབང་རྒྱལ་ཡུམ་མཆོག་གིས་ ཁྱད་དུ་འཕགས་པའི་ ལམ་སྟོན་དང་ དབུ་ཁྲིད་མཛད་གནང་མི་དང་ འཛུལ་ཞུགས་ཀྱི་དོན་ལས་ དཀའ་ངལ་སྦོམ་ཡོད་མི་ རྒེད་འོག་དེ་ནང་ གཟིགས་སྐོར་གནང་ནི་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ བཟོ་གནང་མི་ལུ་ བཀའ་དྲིན་ལེགས་སོ་ ཞུ་ཡོད་པའི་གནས་ཚུལ།





Users Today : 152
Users Yesterday : 1695
This Month : 40360
This Year : 220263
Total Users : 932079
Views Today : 727
Total views : 2719436
Who's Online : 16