འབྲུག་ལུ་ རྒྱ་པཱན་གཞུང་གིས་ སྨན་ཁབ་བཞག་སའི་ བསིལ་དྲོད་འཕྲུལ་ཆས་ཀྱི་གྲོགས་རམ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༦ ལུ་ རྒྱ་པཱན་གཞུང་གིས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་བརྒྱུད་དེ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡.༤ གནས་མི་ སྨན་ཁབ་བཞག་སའི་ བསིལ་དྲོད་འཕྲུལ་ཆས་ཚུ་ གསོ་བའི་ལྷན་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ དེ་ཡང་ བསིལ་དྲོད་འཕྲུལ་ཆས་ ༢,༡༣༤ དང་ བསིལ་དྲོད་སྙོམས་འཕྲུལ་ ༥༠༠ དེ་ལས་ གློག་མེ་བཏོན་འཕྲུལ་ ༢ ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ཀྱིས་ འབྲུག་ལུ་ ཀོ་ཝིཌ་-༡༩ གི་ སྨན་ཁབ་ཁྱབ་སྤེལ་ནང་ རྒྱ་པཱན་གཞུང་གིས་ གཏོང་ཕོད་ཅན་གྱི་ མ་དངུལ་གྱི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ མཐར་འཁྱོལ་ཅན་ཅིག་ལུ་ གྱུར་ཏེ་ཡོད་པའི་ཁར་ འབྲུག་གི་ས་གནས་ མཐའ་དབུས་མེད་པར་ གསོ་བའི་མཐུན་རྐྱེན་ཚུ་ནང་ དགོས་མཁོ་ཡོད་མི་ སྨན་ཁབ་བཞག་སའི་ བསིལ་དྲོད་ཕྲུལ་ཆས་ཚུ་ཡང་ བཙུགས་ཚུགས་ནི་དེ་གིས་ མཐའ་ཟུར་གྱི་ མི་སྡེ་དང་ འབྲེལ་བ་འཐབ་ནི་ལུ་ ལཱ་ཁག་ཡོད་མི་ མི་རློབས་ལུ་ གལ་ཆེ་བའི་ སྨན་ཁབ་ཀྱི་ ཞབས་ཏོག་ཚུ་ཡང་ མཁོ་སྤྲོད་འབད་ནི་གི་ ལྕོགས་གྲུབ་ཡར་དྲགས་སོང་ཡི་ཟེར་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་སྐུ་ཚབ་ མ་རི་ཀཱོན་སོ་ལི་ མུ་ཀང་གེན་ཌོ་གིས་ རྒྱ་པཱན་གཞུང་གི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ འབྲུག་གིས་ ནད་ཡམས་ལུ་ གདོང་ལེན་མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་ཡོད་པའི་ཁར་ ནམ་རྒྱུན་སྨན་ཁབ་ཀྱི་ ཁྱབ་ཚད་སྤེལ་ནི་དང་སྦྲགས་ཏེ་་ ཨ་ལོ་དང་ ན་ལོན་ཚུ་ལུ་ ཀོ་ཝིཌ་-༡༩ གི་ སྨན་ཁབ་ཁྱབ་ཚད་ མཐོ་དྲགས་སྦེ་ སྤེལ་ནི་ལུ་ཡང་ ཕན་ཐོགས་བྱུང་ཡོདཔ་ལས་ འཛམ་གླིང་སྤྱི་ཚོགས་ ཨ་ལོའི་མ་དངུལ་གྱི་ ཁ་ཐུག་ལས་ཡང་ འབྲུག་པའི་མི་སེར་ཚུ་གི་ ཕན་བདེ་ངེས་གཏན་བཟོ་ཐབས་ལུ་ རྒྱ་པཱན་གཞུང་དང་ འབྲུག་གཞུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་གི་ ཁས་ལེན་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ གསོ་བའི་ལྷན་ཁག་གིས་ བསིལ་དྲོད་འཕྲུལ་ཆས་ཚུ་ ས་གནས་ཀྱི་ བརྡ་དོན་རིམ་ལུགས་བརྒྱུད་དེ་ ཡོངས་འབྲེལ་ཐོག་ལས་ བལྟ་རྟོག་འབད་ཚུགསཔ་ བཟོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ད་ དེ་ཡང་ སྨན་ཁབ་ཀྱིས་ སྔོན་འགོག་འབད་ཚུགས་མི་ ནད་གཞིའི་ལས་རིམ་དེ་གིས་ བསིལ་དྲོད་འཕྲུལ་ཆས་ཀྱི་ དབྱེ་བ་དང་ ས་གནས་ག་ཏེ་ཡོདཔ་ཨིན་ན་ དེ་ལས་ འཕྲུལ་ཆས་ཀྱི་ དྲོད་ཚད་དང་ ཁྱད་ཆོས་གཞན་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ བལྟ་རྟོག་འབད་ཚུགས་ནི་ཨིན་པས།
དེ་ལས་ འཕྲུལ་ཆས་ཚུ་ དུས་གཏན་འཇགས་ར་ འཇོན་སྟབས་ཅན་སྦེ་ བཞག་ནིའི་དོན་ལས་ འཕྲུལ་ཆས་ཚུ་གི་ དྲོད་ཚད་ལུ་ འགྱུར་བ་རེ་ འཐོན་པ་ཅིན་ ཐོ་བཀོད་དང་ བལྟ་རྟོག་རིམ་ལུགས་ལུ་བརྟེན་ཏེ་ གསོ་བའི་ལྷན་ཁག་གི་ ལས་བྱེདཔ་དང་ འགོ་དཔོན་ཚུ་གིས་ དེ་འཕྲལ་ལས་ ཤེས་རྟོགས་བྱུང་ཐོག་ལུ་ བཅོ་ཁ་ཚུ་ རྐྱབ་ཚུགས་ནི་ཨིན་པའི་གནས་ཚུལ།

Please follow and like us: