དབངའདུས་ཕོ་བྲང་རྫོང་ནང་ སྒྲོལ་མ་ ༢༡ གི་ སྐུ་འདྲ་ཚུ་ གདན་འདྲེན་ཞུ་ཡོདཔ།

ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་གིས་ དབང་འདུས་ཕོ་བྲང་རྫོང་ནང་ རྗེ་བཙུན་སྒྲོལ་མའི་ སྐུ་འདྲ་ ༢༡ ཕུལ་ཡོདཔ་ད་ དེ་ཡང་ རྒྱུ་གསེར་ཟངས་ལས་གྲུབ་པའི་ སྐུ་འདྲ་གཙོ་བོ་ རིང་ཚད་ཕིཊ་ ༥ ལྷགཔ་ཅིག་དང་ གཞན་མི་ཚུ་ ཨིན་ཅི་ ༢༠ དང་ ༢༤ གི་བར་ན་ཡོདཔ་ཨིན་པས།
དེ་མ་ཚད་ མཆོད་ཆས་མཁོ་སྒྲུབ་དང་ དུས་རྒྱུན་དུ་ སྒྲོལ་ཆོག་གནང་ནིའི་དོན་ལས་ དངུལ་ཀྲམ་འབུམ་ ༧ ཡང་ ཕུལ་ཡོདཔ་ད་ རྗེ་བཙུན་སྒྲོལ་མའི་ སྐུ་འདྲ་ ༢༡ ལུ་ དངུལ་ཀྲམ་ས་ཡ་ ༩ དང་ འབུམ་ ༦ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།
སྐུ་འདྲ་དེ་ཚུ་ ཐིམ་ཕུ་ལས་ དབང་འདུས་ཕོ་བྲང་ལུ་ གདན་འདྲེན་ཞུཝ་ད་ སྒང་སྤྲུལ་རིན་པོ་ཆེ་མཆོག་དང་ པད་གླིང་ཐུགས་སྲས་ སྐུ་འཕྲེང་ ༡༡ པ་གིས་ དབུ་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ བཀྲིས་བསམ་གྲུབ་ དེ་ལས་ སྒང་སྟེང་མཐོ་སློབ་བཤད་གྲྭའི་ མཁན་སྤྲུལ་དང་ བླ་སློབ་ཚུ་ཡང་ ཕྱག་ཞུ་སྟེ་བྱོན་ནུག།
དབང་འདུས་ཕོ་བྲང་ལུ་ རྫོང་བདག་གིས་གཙོས་པའི་ འགོ་དཔོན་ཚུ་དང་ མི་སེར་ཚུ་གིས་ གསེར་སྒྲེངས་དང་བཅས་པའི་སྒོ་ལས་ ཕེབས་བསུ་ཞུ་སྟེ་ སྒྲོལ་མའི་ལྷ་ཁང་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ པད་གླིང་ཡབ་སྲས་རྣམ་ ༢ དང་ དབང་འདུས་རབ་སྡེའི་ བླམ་གནས་བརྟན་མཆོག་གིས་ དབུ་གཙོས་པའི་ དགེ་འདུན་པ་ཚུ་གིས་ བཀྲིས་རབ་གནས་ཡང་ གནང་ཡོདཔ་ཨིན་པས།
དབང་འདུས་རྫོང་དེ་ལུ་ མེ་མཆོད་བཞེས་ཡོད་རུང་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་རྣམ་ ༢ ཀྱི་ སྐུ་དྲིན་དང་ མི་དབང་སྐུ་ལྷན་རྒྱས་དང་ རྒྱ་གར་དང་ འབྲུག་གཞུང་གི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ སྔར་བ་ལྷགཔ་སྦེ་ བཞེངས་གནང་པའི་ཁར་ ཤ་ཞེན་ཅན་གྱི་ སྐྱེས་བུ་དམ་པ་དང་ བླ་སྤྲུལ་ བསྟན་པའི་སྦྱིན་བདག་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ནང་རྟེན་ཚུ་ཡང་ གང་མང་བཙུགས་ཡོད་པའི་གནས་ཚུལ།

Please follow and like us: