མི་དབང་མངའ་ཞབས་མཆོག་གིས་ ཐུགས་ཁར་ཚ་གྱང་ཡོད་ལུགས་ཀྱི་གསུང་བཤད།

རྡོ་རྗེ་དབང་ཕྱུག་དང་ ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཐེངས་ ༨ པའི་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་ གནས་སྟངས་ལུ་ ཐུགས་ཀྱི་ཚ་གྱང་ཡོད་ལུགས་ཀྱི་ གསུང་བཤད་གནང་ཡི།
དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ཐིམ་ཕུ་ཁྲོམ་ཁར་ འཕྲལ་སྤྱོད་ཟ་ཁང་ ཀེ་ཕི་ཅིག་ནང་ ལཱ་འབད་མི་ ཀརྨ་བདེ་ཆེན་ལུ་ གཞིར་བཞག་སྟེ་ གསུངས་གནང་པའི་ནང་གསལ་ ཁ་ཙ་ཁ་ཉིནམ་ཅིག་ཁར་ ཐིམ་ཕུ་ཁྲོམ་གྱི་སྦུག་ན་ བྱོན་པའི་སྐབས་ལུ་ ན་གཞོན་ཚུ་དང་ཕྱད་དེ་ གསུང་གྲོས་གནངམ་ད་ སྐྱེས་ལོ་ ༢༧ འབད་མི་ བུམོ་ཅིག་དང་ཡང་ ཕྱད་ཡོདཔ་ལས་ ཨ་ལོ་ཡོད་ག་ཟེར་དྲིསཝ་ད་ མོ་གིས་ སྐྱེས་ལོ་ ༤ འབད་མི་ ཨ་ལོ་བུ་ཅིག་ཡོད་ལགས་ཟེར་ཞུ་ཡི།
ཏེ་ ཨ་ལོའི་ཨ་པ་ཡོད་ག་ཟེརཝ་ད་ རྨགཔ་གཅིག་ཡོད་ལགས་ཟེརཝ་ལས་ རྨགཔ་དེ་ ག་ཅི་འབདཝ་སྨོ་ཟེར་དྲིསཝ་ད་ ད་ལྟོ་ ལོ་ན་གཞོནམ་སྦེ་ ལཱ་འདི་དང་འདི་ཟེར་ མ་ཐོབ་པར་ ད་ལྟོའི་བར་ན་ ཁྱིམ་ནང་ར་ ཨ་ལོ་བདག་འཛིན་འཐབ་སྟེ་ སྡོད་དོ་ཟེར་ཨིནམ་ད་ མོ་ར་ ཀེ་ཕི་ཅིག་ནང་ ལཱ་འབད་དོ་ཡོདཔ་ལས་ ང་གིས་ དེ་འཕྲལ་ལས་ར་ མོ་ལུ་ ཟླ་རིམ་དངུལ་ཕོགས་ ག་དེམ་ཅིག་ འཐོབ་སྨོ་ཟེརཝ་ད་ སྟོང་ཕྲག་ ༡༢ དང་ ༥༠༠ འཐོབ་དོ་ཟེར་ཨིན་པས།
དེ་ལས་ ག་ཏེ་སྡོདཔ་ཟེརཝ་ད་ ཐིམ་ཕུ་ཁྲོམ་ཁར་ ཁང་ཚན་ཆུང་ཀུ་ཅིག་ནང་ སྡོདཔ་ཨིན་ཟེརཝ་ལས་ ཁང་གླ་ག་དེམ་ཅིག་ སྤྲོད་དོ་ཟེར་དྲིསཝ་ད་ ཟླ་རིམ་བཞིན་དུ་ སྟོང་ཕྲག་ ༧ དང་ ༧༥༠ རེ་ སྤྲོད་དོ་ཟེར་མི་ གོཝ་ཙམ་ཅིག་གིས་ གནམ་མེད་ས་མེད་ རྣམ་རྟོག་ལང་སྟེ་ ལག་པར་སྟོང་ཕྲག་ ༤ དང་ ༥༠༠ ལྷགཔ་ཅིག་ལས་ མི་འཐོབ་པས་ ཨ་ལོ་གསོ་ནི་དང་ ཟད་འགྲོ་གཏང་ནི་ མི་ལངམ་འོང་ཟེརཝ་ད་ མ་ལང་པར་ ནང་དོགས་དོ་ཟེར་ཨིན་པས།
ཏེ་ ག་དེ་སྦེ་འབད་དོ་ཟེརཝ་ད་ ཐབས་ར་མེད་པར་ རེ་ཚེ་སྐབས་ ཀེ་ཕིའི་ཇོ་བདག་ལུ་སླབ་སྟེ་ ཟླཝ་ཤུལ་མའི་ དངུལ་ཕོགས་དེ་ ལེན་དགོ་བྱུང་པའི་ཁར་ འདི་གིས་ཡང་ མ་ལང་པར་ མོ་རའི་གཡུས་དེ་ པདྨ་དགའ་ཚལ་ལས་ ཕམ་ཉམ་ཆུང་ སོ་ནམས་ཀྱི་ ལཱ་འབད་དེ་ཡོད་མི་ ཨབ་དང་ ཨའི་གིས་ཡང་ རེ་ཚེ་སྐབས་ སྟོང་ཕྲག་ ༣ དང་ ༤ རེ་ སྐྱེལ་མི་དེ་གིས་ཡང་ མི་ལང་པས་ཟེར་ཨིནམ་ད་ ང་གིས་ འ་ནི་བཟུམ་མའི་ ལོ་རྒྱུས་གོ་ མི་གིས་མཐོང་འབདཝ་ད་ གནམ་མེད་ས་མེད་ བློ་ཕམ་དང་ ཚ་གྱང་ལངཔའི་གུ་ རྣམ་རྟོག་ཡང་ཟ་ཡི།
ད་ རྫོང་ཁ་ ༢༠ གི་ ན་གཞོན་ཚུ་ ཕོཝ་རྒྱགས་ནི་མགྱོགས་ ལཱ་འབད་ནི་གི་ དུམ་ཁ་དཔག་པའི་བསྒང་ལས་ སྤྱིར་བཏང་ན་གཞོན་ཚུ་གི་ མིག་ཏོ་འདི་ ཐིམ་ཕུ་ཁ་ཐུག་ལུ་ར་ འགྱིམས་ཐོག་ལས་ ཐིམ་ཕུ་ཁྲོམ་ཁར་ ལཱ་འཐོབ་པའི་ རེ་བ་བསྐྱེད་དེ་ འོངམ་ཨིན་པས།
དེ་ཚེ་ཅིག་ཁར་ བར་པའི་ས་དང་ ཨོ་ལ་ཁའི་ ཁྱིམ་སྒོ་བཤལ་ཏེ་ ཚོང་ཁང་ཡོད་ཚད་ཅིག་ནང་ གཟིགས་པར་བྱོནམ་ད་ ན་གཞོན་གྱངས་ཁ་མ་ཆོདཔ་ཅིག་ གདོང་སྐོར་རྐྱབ་སྟེ་ ཁ་སླབ་སྡོད་ཡོདཔ་ལས་ ན་གཞོན་ཚུ་ལུ་ ལཱ་ག་ཏེ་འབད་དོ་ དངུལ་ཕོགས་ག་དེམ་ཅིག་ འཐོབ་ཟེར་དྲིསཝ་ད་ ལཱ་དེ་ག་ར་ ཚོང་ཁང་ནང་ཨིནམ་ལས་ ལཱ་འགོ་བཙུགས་པའི་སྐབས་ལུ་ སྟོང་ཕྲག་ ༧ ལས་ འགོ་བཙུགས་དོ་ཡོདཔ་ད་ ཁ་རྗེ་འབར་མི་ཚུ་ལུ་ སྟོང་ཕྲག་ ༡༠ རེ་ འཐོབ་ཨིན་པས།
ཁོང་ལུ་ ཁང་གླ་ག་དེ་སྦེ་བཏབ་དོ་ ག་ཏེ་སྡོདཔ་སྨོ་ཟེརཝ་ད་ ཟླ་རིམ་དངུལ་ཕོགས་ལས་ ཁང་གླ་སྦོམ་སྟེ་ ལག་པར་ག་ནི་ཡང་ འཐོབ་ནི་མེད་མི་དེ་ རྣམ་རྟོང་ལང་སི་སི་ཨིནམ་ལས་ ག་དེ་སྦེ་ སྡོདཔ་སྨོ་ཟེར་དྲིསཝ་ད་ ན་གཞོན་ཚུ་གིས་ ཁོང་ར་ངོ་ཤེསཔ་ཨིན་མི་ ཆ་རོགས་ ༤ དང་ ༥ དེ་རེ་ ཁ་བསྡོམས་ཞིནམ་ལས་ ས་གོ་ཆུང་ཀུ་ཅིག་ནང་སྡོད་དེ་ ཟླ་རིམ་གྱི་ ཟད་འགྲོ་ཚུ་ གོ་བཤའ་རྐྱབ་དོ་ཟེར་ཨིན་པས།
ཐིམ་ཕུ་ལུང་པ་ལུ་ སྡོད་ཚུགས་པར་ ལཱ་ཁག་ཡོད་མི་ལུ་ བལྟ་སྟེ་ཡང་ གནམ་མེད་ས་མེད་ཀྱི་ ཐུགས་ཕམ་དང་ ཐུགས་ཀྱི་ཚ་གྱང་ལང་སྟེ་ འཚོར་སྣང་ག་ཅི་འབྱུང་མས་ཟེར་བ་ཅིན་ རང་གི་གཟུགས་ཁར་ ཚ་ཤུགས་རྐྱབ་ དྲོད་འབར་ལང་ གཟུགས་མ་བདེ་ཁག་ཁག་ཅིག་ འོང་པ་ཅིན་ ནད་གཞི་ཅིག་འཐོབ་པའི་ རྟགས་མཚན་ཨིནམ་ད་ ད་རེས་བཟུམ་ཅིག་ནང་ ཀོ་ཝིཌ་ ༡༩ ཐོབ་པའི་བསྒང་ལས་ ཧེ་མ་ར་ རང་གིས་ཤེས་དགོ་པའི་ཁར་ གཟུགས་ཁར་ཡང་ བྱེམ་ཕོག་མི་འདི་ ད་རེས་ནངས་པར་ ན་གཞོན་ཚུ་གི་ དཀའ་ངལ་དང་ ཚ་གྱང་གི་ སྟབས་མ་བདེཝ་ལུ་བལྟཝ་ད་ སྟབས་མ་བདེཝ་རྐྱངམ་ཅིག་མིན་པར་ རྒྱལ་ཁབ་ནང་ར་ སྟབས་མ་བདེཝ་ འཐོན་ཡོད་པའི་རྟགས་ཨིན།
ཏེ་ འ་ནི་བཟུམ་ཚུ་ གནས་ཚུལ་གསརཔ་ ད་རེས་མ་གཏོགས་ མཐོངམ་མིན་ན་ཟེར་བ་ཅིན་ འདི་མི་བདེན་ ཧེ་མ་ལས་ར་ ང་བཅས་ག་ར་གིས་ཤེས། ད་རུང་ ལཱ་མ་འབདཝ་ཡང་མིན་ ལཱ་ཡང་འབད་ཡི། ཚ་གྱང་ཡང་ལང་ཡི། ལོ་ལས་ལོ་བཅད་དེ་ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཅིག་ བཟོ་བྱིན་ཏེ་ མ་འོངས་པའི་ ལམ་བརྫང་ཞིནམ་ལས་ རྒྱལ་ཁབ་འདི་ ཐེབས་ཅིག་ར་ སྒྲིང་སྒྲིང་བཟོ་བའི་སྐབས་ལུ་ སྟབས་མ་བདེཝ་ དུམ་གྲ་རེ་ཐོན་རུང་ བདག་མེད་སྦེ་ མ་བཞག་པར་ བཅོ་ཁ་རྐྱབ་སྟེ་ ག་ར་གིས་ འགན་ཁུར་འབག་སྟེ་ ཚ་གྱང་ལང་ཐོག་ལུ་ ཕྱག་ལཱ་འདི་ གནམ་མེད་ས་མེད་ མཛད་གནང་ཡི།
སྲིད་བྱུས་བརྩམ་ཐོག་ལས་ འཆར་དངུལ་ཚུ་སྒྲུབ་སྟེ་ ཟད་འགྲོ་མང་རབས་ཅིག་ བཏང་མི་ཚུ་གི་ཐད་ཁར་ཡང་ ང་གིས་ ག་ཅི་མཐོང་ཅི་ཟེར་བ་ཅིན་ དེ་བསྒང་ལས་ར་ ཚོགས་ཆུང་དང་ ལས་བྱེད་ཚོགས་ཆུང་ དེ་ལས་ བཀོད་ཚོགས་ཚུ་ནང་ མི་སྒྲིང་སྒྲིང་དང་ འགན་ཁུར་རྩིས་སྤྲོད་འབད་དེ་ ལཱ་འབད་ཡི།
ད་རུང་ དེ་བསྒང་ ག་ཅི་གོ་ཡི་ཟེར་བ་ཅིན་ ཕྱི་རྒྱལ་ལས་ཕར་ ཤེས་ཡོན་སྦོམ་བལྟ་སྟེ་ རང་གི་རྒྱལ་ཁབ་ནང་ ལོག་ལྷོདཔ་ཅིན་ འདི་གིས་ཡང་ ཕྱག་ལཱ་ལུ་ ཕན་ཐོགས་ནི་ཨིན་པས་ཟེར་ མི་མང་ཧད་རྫོགསཔ་ཅིག་ ཕྱིའི་རྒྱལ་ཁབ་ཀྱི་ སློབ་གྲྭ་དྲག་ཤོས་ཚུ་ནང་ བཏང་ཡོདཔ་མ་ཚད་ ད་རུང་ འཕྲོ་མཐུད་དེ་ར་ རྒྱལ་ཁབ་གོང་འཕེལ་ ཐལ་ཚར་མིའི་ནང་ཡང་ ཐབས་དང་ གནས་སྐབས་ འབད་ཐངས་ བཅའ་ཐངས་མ་འདྲཝ་ཚུ་ རྒྱལ་ཁབ་ནང་ བཀལ་ཚུགས་པ་ཅིན་ དེ་གིས་ཡང་ ཕྱག་ལཱ་ལུ་ ཕན་ཐོགས་ནི་ཨིནམ་ སེམས་ཁ་ར་བཞག་སྟེ་ སློབ་སྦྱོང་ལྟ་སྐོར་ལུ་ཡང་ ཐེམ་ཐད་ཁར་བཏང་ཡི།
དེ་གིས་ཡང་ མ་ལང་པར་ ཕྱི་ནང་གི་ མཁས་མཆོག་ཚུ་ གཡོག་བཀོལ་དགོ་པས་ཟེར་ གྲོས་སྟོན་པ་ མང་ཧད་རྫོགསཔ་ཅིག་ གཡོག་བཀོལ་ཏེ་ ཞིབ་འཚོལ་གྱི་ ལཱ་ཚུ་དང་ སྲིད་བྱུས་ཀྱི་ ཡིག་ཆ་ཚུ་ བརྩམས་པའི་གུ་ ལྷག་པར་དུ་ཡང་ ལྷན་ཚོགས་གསརཔ་དང་ ལས་ཁུངས་གསརཔ་ ལེ་ཤ་ཅིག་ར་ གཞི་བཙུགས་གནང་ཡི།
དེ་མ་ཚད་ ཞལ་འཛོམས་ཚུ་ཡང་ མ་ཆད་པར་ འཚོགས་ཡོདཔ་ལས་ ལཱ་མ་འབད་ཟེར་བ་ཅིན་ གནམ་མེད་ས་མེད་འབད་ཡི། ལཱ་འབད་ཡི་ཟེར་བ་ཅིན་ བསམ་པ་རྫོགས་ཏོག་ཏོ་ཅིག་དང་ ང་གིས་ མནོ་བསམ་བཏང་དོ་བཟུམ་མའི་ གྲུབ་འབྲས་ཅིག་ མ་པ་ལས་ར་ བཏོན་མ་ཚུགསཔ་ལས་ ང་བཅས་ཀྱིས་ འཐུས་ཤོར་བྱུང་ཡི།
ང་གིས་ རྒྱལཔོ་འབད་དེ་ ལོ་ ༡༦ གི་རིང་ལུ་ ཉིནམ་གཅིག་ར་ ཚ་གྱང་མ་ལང་པར་ མ་བཞུགསཔ་མ་ཚད་ ན་ཧིང་དང་ དུས་ཅི་གི་བར་ན་ར་ རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་ མཛད་ཐངས་ཚུ་ལུ་ ཕྲང་སྟེ་ར་ གསུངས་པ་ཅིན་ གནམ་ཤར་དཀར་ཏེ་ བློ་བདེ་བའི་ ཚོར་སྣང་དུམ་གྲ་ཅིག་བྱུང་ཡི།
ད་རེས་ནངས་པར་ ག་ཅི་གོཝ་སྨོ་ཟེར་བ་ཅིན་ བསྒྱུར་བ་དང་ ལེགས་བཅོས་ཀྱི་ ཕྱག་ལཱ་ཚུ་གི་ ཁེ་ཕན་ལཱ་གསརཔ་དང་ ཧེ་མ་དང་ ད་རེས་ཀྱི་བར་ན་ མ་འདྲཝ་དེ་ར་ ཚ་གྱང་འདི་ ཆེཝ་ཨིན་པས།
ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ ག་ར་གིས་ འགན་ཁུར་ཐེབས་ཅིག་འབག་སྟེ་ རྩིས་བདག་བཏང་སར་ མཐོང་པའི་ཁར་ ག་ར་གིས་ ལཱ་འབདཝ་ད་ལུ་ཡང་ ཧེ་མ་དང་ཕྱདཔ་ད་ ལཱ་ཐེབས་ཅིག་ར་ རྩ་འགེངས་འབད་སར་མཐོངམ་ལས་ དུམ་གྲ་ཅིག་ བློ་བདེ་ཡི།
དེ་བཟུམ་མའི་ ཕྱག་ལཱ་ཚུ་ མཛད་ཚུགས་མི་འདི་ ད་རེས་ནངས་པར་ གདོང་སྐོར་རྐྱབ་ཡོད་མི་ ཆེད་བསྟོད་ཅན་གྱི་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་ཧྲིལ་བུར་ཕུལ་ཏེ་ བཅའ་མར་གཏོགས་ཐོག་ལས་ ཕྱག་ཕྱིད་ཞུ་མི་ལུ་ ངེའི་ཁ་ཐུག་ལས་ ཧིང་ལས་ར་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད།
དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ཡང་ ཐབས་ལམ་དང་ གནས་སྐབས་རེ་སྟོན་ཏེ་ ལཱ་འབད་བའི་སྐབས་ལུ་ རྒྱབ་སྐྱོར་ཚུ་ཡང་ ཐོགས་ཆག་མེད་པར་ ཕུལ་ཞིནམ་ལས་ རྩ་འགེངས་ཏེ་ ཕྱག་ཞུ་མི་ལུ་ཡང་ ངེའི་ཁ་ཐུག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད།
ལྡོག་ཕྱོགས་ཀྱིས་ཡང་ དང་པར་དུ་ ནད་ཡམས་སྐབས་ལུ་ རྒྱལ་ཁབ་ནང་ ཉེན་འཚུབ་སྦོམ་ཐོནམ་ད་ གཞུང་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཉེན་ཁ་མེདཔ་སྦེ་ བཟོ་ནི་གི་ ཕྱག་ལཱ་མཛད་མི་ལུ་ རྒྱབ་སྐྱོར་ཧྲིལ་བུར་ ཕུལ་བའི་ཁར་ ད་རེས་ནངས་པར་ ལེགས་བསྒྱུར་གྱི་ ལཱ་ཚུ་འབདཝ་ད་ལུ་ཡང་ ལྡོག་ཕྱོགས་ཀྱིས་ ཧ་གོ་བའི་གུ་ ད་རེས་ཀྱི་ ཕྱག་ལཱ་འདི་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་པའི་ ཕྱག་ལཱ་རྩ་ཆེ་ཏོག་ཏོ་ཅིག་ཨིན་པས་ཟེར་ རྒྱབ་སྐྱོར་ཧྲིལ་བུར་ ཕུལ་སར་མཐོངམ་ཨིན་པས།
རྒྱལ་ཁབ་གཞན་ཁར་ བལྟ་བ་ཅིན་ ལྡོགས་ཕྱོགས་མང་སྟེ་ གཞུང་གི་ཕྱག་ལཱ་ མཛད་རེ་མཛད་ཚེ་ཅིགཔོ་ བཀག་པའི་ཁར་ གཞུང་འཐུས་ཤོར་སོང་པ་ཅིན་ གནམ་མེད་ས་མེད་ དགའ་དྲགས་ཏེ་ བཀལ་སར་བཀལ་ད་ཡི་ཟེར་ ཡང་ཅིན་ མིའི་སེམས་ཁར་ རྣམ་རྟོག་དང་ ཚ་གྱང་རེ་ བཙུགསཔ་ཨིན་རུང་ ང་བཅས་རའི་ འབྲུག་ལུ་ ལྡོག་ཕྱོགས་ཀྱིས་ རང་གི་འགན་ཁུར་འདི་ ལེགས་ཤོམ་སྦེ་ར་ འབག་པའི་གུ་ ནམ་ར་འབད་རུང་ རྒྱལ་ཁབ་དང་ མི་སེར་གྱི་ ཕྱག་ལཱ་ཁག་ཆེ་ཏོག་ཏོ་ ཐོན་པའི་བསྒང་ཡང་ རྒྱབ་སྐྱོར་ཕུལ་ཤེས་མི་དེ་ རྟགས་མཚན་ལེགས་ཤོམ་ཅིག་ཨིན་མི་ལུ་ ང་རའི་ཁ་ཐུག་ལས་ ལྡོག་ཕྱོགས་ལུ་ཡང་ བཀྲིན་དགའ་ཚོར་སྦོམ་ཡོད།
ད་རེས་ བསྒྱུར་བ་དང་ ལེགས་བཅོས་ཀྱི་ ལཱ་ཚུ་འབདཝ་ད་ ཞི་གཡོག་ལྷན་ཚོགས་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཞི་གཡོགཔ་ག་ར་ལུ་ འགན་འཁྲི་སྦོམ་ཕོག་སྟེ་ གལ་ཆེ་བའི་ ཕྱག་ལཱ་མཛད་པའི་བསྒང་ འཇམ་ཏོང་ཏོ་མིན་པའི་ཁར་ སྟབས་མ་བདེཝ་ ག་ཏེ་ཡོད་ག་དང་ ག་དེ་སྦེ་ ཐོན་སོངཔ་ཨིན་ན་ཚུ་ཡང་ གདོང་ཁར་སྟོན་ཞིནམ་ལས་ གཙང་མ་བཞག་པར་ བཅོ་ཁ་རྐྱབ་དགོཔ་དང་ ས་སྟོང་བསུབ་དགོཔ་འདུག།
ད་ལས་ཕར་ འགོ་བཟུང་སྟེ་ ཞི་གཡོགཔ་ཚུ་གིས་ འགན་ཁུར་ཐེབས་ཅིག་ར་ འབག་དགོ་ཟེར་ འགན་ཁུར་གྱི་ལམ་ཚུ་ གསལ་ཏོག་ཏོ་སྦེ་ སྟོན་བྱིན་ཏེ་ ཞི་གཡོགཔ་ཚུ་ལུ་ རྩིས་བདག་བཏང་དགོཔ་ད་ རེ་ཚེ་སྐབས་ འཐུས་རེ་ཤོར་སོང་པ་ཅིན་ འགན་ཁྲི་བཀལ་དགོ་པའི་ཁར་ སྒྲིག་ཁྲིམས་དམ་དམ་སྦེ་ བཟོ་ཞིནམ་ལས་ གཞི་གཡོགཔ་ཚུ་གི་ སེམས་ཁ་ལུ་ཡང་ ཚ་གྱང་ཅིག་ བཙུགས་ཐོག་ལས་ ཧེ་མ་བ་ལྷགཔ་སྦེ་ ཕྱག་ཞུ་ཚུགསཔ་སྦེ་ བཟོ་དགོ་པས།
མི་སེར་དང་ རྒྱལ་ཁབ་ཀྱི་ མ་འོངས་པའི་དོན་ལུ་ དེ་བཟུམ་མའི་ ཕྱག་ལཱ་མཛད་དགོཔ་ བྱུང་ཡོདཔ་ལས་ ཞི་གཡོགཔ་ཚུ་གིས་ ནད་ཡམས་ཀྱི་སྐབས་ལུ་ ལོ་ ༢ དང་ ཕྱེད་ལྷགཔ་ཅིག་ ཉིནམ་གཅིག་ར་ དལཝ་མ་སྡོད་པར་ འུ་སྡུག་ཐང་ཆད་ཆད་ར་ རྩ་འགེངས་ཏེ་ ཕྱག་ཞུཝ་ལས་ གནམ་མེད་ས་མེད་ ཕན་ཐོགས་བྱུང་ཡི།
ད་རེས་ འཕྲོ་མཐུད་དེ་ར་ ལེགས་བསྒྱུར་གྱི་ ལཱ་འབདཝ་བཞིན་དུ་ རྡོ་ཡོད་རེ་ཡོད་ཚད་ ཕྱི་ནང་སློག་སྟེ་ སྒྲིང་སྒྲིང་བཟོ་དགོཔ་ བྱུང་མི་ལུ་ ད་རུང་ཡང་ ཞི་གཡོགཔ་ཚུ་ ཨམ་ལེབ་ལེབ་ར་ བཏང་ཡོད་རུང་ གཞི་གཡོགཔ་ཚུ་གིས་ ཁས་བླངས་དམ་བཅའ་ཕུལ་ཏེ་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་མི་ མི་ངོམ་ཨིན་ལུགས་དང་ ད་རེས་ཀྱི་ ཕྱག་ལཱ་འདི་ རྒྱལ་ཁབ་དང་ མི་སེར་ལུ་ གནམ་མེད་ས་མེད་ ཁག་ཆེཝ་ལས་ རྒྱབ་སྐྱོར་ཧྲིལ་བུར་ཕུལ་ཏེ་ རྩ་འགེངས་ཐོག་ལས་ ཕྱག་ཞུ་མི་འདི་ལུ་ཡང་ ངེའི་ཁ་ཐུག་ལས་ དུས་ནམ་ཡང་ བརྗེད་པར་ཕངས་པའི་ བཀྲིན་དགའ་འཚོར་སྦོམ་ཡོད།
ད་རེས་ཀྱི་ གཞུང་གི་དཔོན་ཁག་དང་ བློན་པོ་ཚུ་གུ་ འབྲུག་གི་བློན་ཆེན་ ཌོག་ཊར་བློ་གྲོས་ཨིནམ་ད་ ད་རུང་ རྒྱལ་ཁབ་གཞན་ཁ་ལས་ཕར་ བལྟ་བ་ཅིན་ བཙག་འཐུ་ལས་གྲུབ་པའི་ གཞུང་ཚུ་གིས་ མི་ཧུ་ནི་དེ་ དགའ་ར་དགའ་བའི་གུ་ མི་ཧུ་ནི་ཡང་ འཇམ་ཏོང་ཏོ་དང་ མི་སེམས་བསད་མི་ནུམ་ མི་སེམས་བསད་ནི་འདི་ ལཱ་ཁག་ཡོད།
དཔྱེ་འབད་བ་ཅིན་ ཟམ་རྐྱབ་དོ་བཟུམ་སྦེ་ཨིནམ་ད་ ཟམ་ལེགས་ཤོམ་སྦེ་བསྒྲུབས་ཏེ་ མི་སེར་ལུ་ རྩིས་སྤྲོད་པ་ཅིན་ མི་ག་ཨིན་རུང་ གནམ་མེད་ས་མེད་ དགའ་དྲགས་ཏེ་ དགའ་ཚོར་སྐྱེད་ཤེས་རུང་ ཟམ་རྐྱབ་ནི་གི་ དུམ་ཁ་དཔག་སྟེ་གི་ མི་ག་ར་ བཀུག་ཞིནམ་ལས་ འགན་ཁུར་ཅིག་ རྩིས་སྤྲོད་དེ་ ཟམ་རྐྱབ་གེ་ཟེར་བ་ཅིན་ དགའ་མི་དང་ མ་དགའ་མི་ཡང་ འདྲ་མིན་འཐོན་འོང་།
ད་རེས་ཀྱི་ གཞུང་གི་ལཱ་འདི་ཡང་ ལཱ་ཁག་དང་ ཉེན་ཁ་ཆེ་བའི་ ས་གོ་ནང་ཚུད་དེ་ སྟབས་མ་བདེཝ་སེལ་དགོཔ་ ལེ་ཤ་ཅིག་ཡོདཔ་ལས་ བཅོ་ཁ་རྐྱབ་དགོཔ་དང་ ལེགས་བཅོས་འབད་དགོཔ་ སྒྲིག་སྒྲིང་བཟོ་དགོཔ་ཡོད་ནི་དེ་གིས་ དགའ་སྐྱོ་མེད་པར་ འ་ནི་བཟུམ་མའི་ ཕྱག་ལཱ་མཛདཔ་ད་ལུ་ གཞུང་གི་ཁ་ཐུག་ལས་ སེམས་ཀྱི་དོགས་པ་མེད་པར་ མཛདཔ་ཨིན་པས།
འདི་མིན་པར་ ད་རུང་ རྒྱལ་ཁབ་གཞན་ཁ་ལས་ཕར་ བལྟ་བ་ཅིན་ སྲིད་དོན་ཚོགས་པ་ཚུ་གིས་ གཞུང་སྐྱོང་མི་ཚུ་གི་ཤུལ་མར་ འགྲོས་ཀྱིས་བཏང་འབད་གེ་ ད་ལྟོ་ མི་སེམས་བསད་དགོཔ་མིན་འདུག་ ལྟ་མ་ མ་དགའཝ་རེ་ཆགས་འོང་ བཞག་ད་གེ་ ལཱ་འབད་མི་ཚར་བས་ འདྲོག་མི་ཤེས་པས་ ལ་ལོ་གིས་ འགན་ཁུར་མི་འབག་པས་ ཡང་ཅིན་ སྟབས་མ་བདེཝ་སྦོམ་མིན་པས་ ཤུལ་ལས་ ལེགས་ཤོམ་འགྱོ་འོང་ གཙང་བཏང་བཞག་པ་ཅིན་ རང་བཞིན་གྱིས་སྦེ་ ཞི་འགྱོ་འོང་ ཁེ་མི་འོང་ཟེར་ བཀོག་བཞགཔ་ཨིན།
ང་བཅས་རའི་ འབྲུག་ལུ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ འགན་ཁུར་ཧྲིལ་བུར་འབག་སྟེ་ མ་འདྲོག་མ་འཚེར་བར་ ལཱ་ཀྲིག་ཀྲིག་འབད་མི་ཚུ་ འཇམ་ཏོང་ཏོ་མིན་པར་ ལཱ་ཁག་ཡོད་རུང་ རྩ་འགེངས་འབད་མི་ལུ་ ང་རའི་ཁ་ཐུག་ལས་ གཞུང་ལུ་ ཧིང་ལས་ར་ དུས་ནམ་ཡང་ བརྗེད་པར་ཕངས་པའི་ དགའ་ཚོར་ཡོད།
ད་རེས་ཀྱི་ ཕྱག་ལཱ་ཚུ་ ཐོགས་ཆག་མེད་པར་ མཛད་ཚུགས་མི་འདི་ མི་སེར་གྱི་ རྒྱབ་སྐྱོར་ཕུལ་ནི་དེ་གིས་ཨིནམ་ལས་ ག་ར་གིས་ སེམས་ཁར་དྲན་ཏེ་ ལེགས་བསྒྱུར་གྱི་ ཕྱག་ལཱ་རྩ་ཆེ་ཏོག་ཏོ་ མཛད་མི་འདི་ མི་སེར་གྱི་ རེ་བ་དང་ སྨོན་ལམ་དང་འཁྲིལ་ཏེ་ཨིན།
འབྲུག་པའི་མི་སེར་གྱི་ རྒྱལ་ཁབ་ནང་ སྟབས་མ་བདེཝ་འདུག་ཟེར་ བཅོ་ཁ་རྐྱབ་པ་ཅིན་ མི་དྲག་ག་ ད་རེས་བ་དྲགཔ་ཅིག་ བཟོ་དགོ་པས་ཟེར་ ཚ་གྱང་སྦོམ་ཤོས་ར་ ད་རེས་ནངས་པར་བཟུམ་སྦེ་ར་ ལུས་སོང་པ་ཅིན་ ཨ་ལོ་ཚུ་ དཀའཝ་སྤྱད་ནི་ལུ་ རྟག་པ་བརྟན་པ་ ག་ནི་ཡང་མེདཔ་ལས་ རྒྱལ་ཁབ་ཀྱི་ གདོང་ཁའི་ལམ་འདི་ བདེ་བརྫང་སྟེ་ ད་རེས་བ་ སྒྲིང་སྒྲིང་དང་ ལེགས་ཤོམ་ བག་ཆགས་ཏོག་ཏོ་དང་ ངལ་རངས་ཏོག་ཏོ་ མ་འདྲཝ་ཅིག་སྦེ་ བཟོ་དགོཔ་འདུག་ཟེར་ ག་ར་གིས་ རེ་བ་རེ་ཆི་ཨིན་པས།
ད་རིས་ ལེགས་བསྒྱུར་གྱི་ ཕྱག་ལཱ་འདི་ མི་སེར་གྱི་ རེ་བ་དང་ སྨོན་ལམ་དང་འཁྲིལ་ཏེ་ མཛད་གནངམ་ལས་ རྒྱལ་ཁབ་ནང་ ལམ་ཁ་བྱལ་གུ་ ལྷོད་མི་འདི་ ལམ་ཁ་བྱལ་ཟེར་བའི་བསྒང་ལས་ ནཱ་ལས་འགོ་བཟུང་སྟེ་ ཤུལ་མ་དང་ ནངས་པའི་ ལོ་རྒྱུས་ཚུ་སླབ་སའི་ ས་གོ་མེདཔ་ལས་ ད་ལྟོ་ར་ མཛད་དགོཔ་བཞིན་དུ་ ཕྱིས་པའི་བསྒང་ལས་ནི་ ཕྱག་ལཱ་དུམ་གྲ་ཅིག་ འཛོལ་སོང་རུང་ གནམ་མེད་ས་མེད་ བཀལ་སར་བཀལ་ནི་དང་ མ་འཛོལ་བ་ཅིན་ གནམ་མེད་ས་མེད་ ལེགས་ཤོམ་སྦེ་ འགྱོ་ནི་ཨིནམ་ལས་ འདྲེ་གིས་བདའ་དོ་བཟུམ་མའི་ ཕྱག་ལཱ་མཛད་དགོཔ་ཨིན།
དེ་མིན་ གློག་མེ་ལས་འགུལ་ཚུ་ལུ་ ཚར་ཅིག་བལྟ་དགོ་མི་འདི་ ཧེ་མ་འབད་བ་ཅིན་ གློག་མེ་ལས་འགུལ་ར་ ལེགས་ཤོམ་སྦེ་ འགྱོ་བའི་བསྒང་ལས་ ང་ཅས་ལུ་ཚ་གྱང་མེད་པར་ སྟབས་བདེ་ནི་དང་ དངུལ་ཕོགས་ཡར་སེང་ཅིག་ གནང་དགོ་རུང་ གློགས་མེ་ལས་འགུལ་སྦོམ་ཅིག་ གཞི་བཙུགས་གནང་སྟེ་ འགོ་བཙུགས་པའི་བསྒང་ལས་ རང་བཞིན་གྱིས་ གློག་མེ་འདི་ལུ་བརྟེན་ཏེ་ འཐུ་བདའ་འོང་ཟེར་ཨིན།
ད་རེས་ནངས་པའི་ གནས་སྟངས་ནང་ གློག་མེ་ལས་འགུལ་གསར་པའི་ ལོ་རྒྱུས་ར་ སླབ་མ་ཚུགས་མི་དེ་ཡང་ གློག་མེ་ལས་འགུལ་ ༢ ཧེ་མ་ལས་ འགོ་བཙུགས་ཏེ་ ལོ་ ༡༢ དང ༡༣ ལང་སོ་རུང་ ལཱ་ཕྱེད་ཀ་ཅིག་ལས་བརྒལ་ཏེ་ འབད་མ་ཚུགས་པར་ ཐོགས་ལུས་མི་དེ་ བཀལ་སར་བཀལ་བའི་གུ་ འཐུས་ཤོར་སོངཔ་ལས་ སྟབས་མ་བདེཝ་ ལེ་ཤ་འདུག།
དེ་ཡང་ སྤུ་ན་གཙང་ཆུ་ ༡ པ་དང་ ཁོ་ལོང་ཆུ་ ༢ ཨིནམ་ད་ ལས་འགུལ་དེ་ ༢ ལུ་ ཟད་འགྲོ་མང་ཧད་རྫོགསཔ་ཅིག་ བཏང་ཚར་མི་ཚུ་ག་ར་ འཕྲོ་བརླགས་སོང་སྟེ་ བུ་ལོན་གྱིས་ མགུ་སྤུར་ཏེ་ཡོད་རུང་ འཛམ་གླིང་དང་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལུ་ གློག་མེའི་གོང་ཚུ་ ལོ་གཅིག་བ་ལོ་གཅིག་ མར་འབབ་འགྱོ་རུང་ ང་བཅས་ཀྱི་ཐད་ཁར་ གློག་མེའི་གོང་ཚད་འདི་ ལོ་གཅིག་བ་ལོ་གཅིག་ ཡར་འཛེགས་འགྱོཝ་ལས་ མ་འོངས་པར་ གློག་མེ་ལེ་ཤ་ཡོད་ཟེར་ ཧ་ལས་དགོཔ་མིན་འདུག།
བཙོང་པ་ཅིན་ རོགས་ཀྱིས་གོང་སྦོམ་སྦེ་ཟེར་ ག་གིས་ཡང་ ཉོ་མི་བཏུབ་ནི་ཨིནམ་ལས་ འ་ནི་བཟུམ་མའི་ ཉེན་ཁ་ལེ་ཤ་འཐོན་ཏེ་ སྟབས་མ་བདེཝ་ འབྱུང་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ བདེ་ཐབས་དང་ མི་སེར་སྐྱིད་ཐབས་ལུ་ ཕན་ཐོགས་ཤོས་ར་ འཆར་གཞི་གོང་འཕེལ་གྱི་ ཕྱག་ལཱ་འདི་ཨིན།
ཕྱག་ལཱ་དེ་ མཛད་པའི་སྐབས་ལུ་ གསར་སྒྲུབ་ཀྱི་ ཟད་འགྲོ་ཟེར་ གོང་འཕེལ་བཏང་མི་ རྒྱལ་ཁབ་འབདཝ་ལས་ ཏི་རུ་གངམ་མེད་ནི་དེ་གིས་ རང་ལས་ བཏོན་གེ་ཟེར་བ་ བཏོན་མ་ཚུགསཔར་ ཐབས་ར་མེད་པར་ ཕྱིའི་རྒྱལ་ཁབ་ལས་ མ་དངུལ་གྲོགས་རམ་འཚོལཝ་ད་ བུ་ལོན་ཁ་སྐོང་ལེན་ཏེ་ ཕྱག་ལཱ་མཛད་ནི་འདི་ ནཱ་ལས་ཕར་ཡང་ ད་རེས་བཟུམ་སྦེ་ར་ ལུས་སོང་པ་ཅིན་ ནམ་ཅིག་གི་ཚེ་ ཟད་འགྲོ་བཏང་ནི་གི་ མ་དངུལ་ཚུ་ རོགས་ལས་མ་ཐོབ་པར་ མ་ལང་པར་ ཆད་སོང་པ་ཅིན་ རྟག་པ་བརྟན་པ་ ག་ནི་ཡང་མེད་པའི་ ཉེན་ཁ་སྦོམ་སྦེ་ར་ མཐོངམ་ཨིན་པས།
མི་ལ་ལོ་ཅིག་གིས་ ཚོང་ཁག་ཆེ་ཟེར་ ཚོང་འདི་ལུ་ར་ གཙོ་བོར་བཏོན་དགོ་ ཚོང་ལུ་བརྟེན་ཏེ་ རྒྱལ་ཁབ་སྒྲིང་སྒྲིང་ཐལ་འོང་ མི་སེར་ཡར་རྒྱས་ བཏགས་འོང་ཟེར་མི་འདི་ བདེན་ཏེ་འབད་རུང་ འབྲུག་ལུང་པ་ལུ་ ཚོང་ཟེར་མི་འདི་ ག་ཅི་བཟུམ་ཅིག་ཡོདཔ་ཨིན་ན་ ག་ཏེ་ར་བལྟ་རུང་ ཚོང་ཟེར་བའི་བསྒང་ལས་ རྒྱ་ནག་དང་ མཐའ་ཡས་ལེན་ རྒྱ་པཱན་ བང་ལ་དེཤ་ རྒྱ་གར་ཚུ་ལས་ ནང་འདྲེན་འབད་མི་ཨིནམ་ད་ དེ་ཡང་ ཤི་རི་གུ་རི་དང་ ཇའི་སྒང་ལས་ སྣུམ་འཁོར་ཊག་དང་ ཀཱན་ཊེ་ནར་ གནམ་གྲུ་ཚུ་ནང་ ཅ་ལ་རྣམ་པ་སྣ་ཚོགས་བཙུགས་ཏེ་ ནཱ་ལུ་བསྐྱལ་ཞིནམ་ལས་ རང་གི་ཁྲོམ་ཁར་ མི་སེར་དང་ གཉེན་ཉེཝ་ ལྟ་ལྟོ་ཚང་ སྤུན་སྤུན་ཆ་ ངོ་ཤེསཔ་ཚུ་གིས་ ཉོ་མི་ལས་ ཁེ་སང་དུམ་གྲ་རེ་བཏོན་པའི་ ཚོང་ཟེར་མི་འདི་ དེམ་ཅིག་ར་ཨིན་པས།
དེ་བཟུམ་སྦེ་ ཕྱི་ཁར་འབོར་ཆེ་ཏོག་ཏོ་སྦེ་ བཏང་མ་ཚུགས་པར་ ནང་འདྲེན་མང་སུ་ཅིག་འབད་བའི་བསྒང་ལས་ ཚོང་འབྲེལ་ནང་ ཁེ་སང་མ་པ་ལས་མེདཔ་ འགྱོ་ནི་ཨིན་མི་དེ་ཡང་ དཔྱེ་འབད་བ་ཅིན་ རང་ལུ་འབད་རུང་ ཚུར་ཐོབ་ནི་ལས་ ཕར་བཏང་མི་དེ་ མང་སོང་པ་ཅིན་ རང་སྤྱང་ཀ་ཐལ་དོ་བཟུམ་སྦེ་ རྒྱལ་ཁབ་ལུ་ཡང་ ཅོག་འཐདཔ་སྦེ་ ཚུར་འོང་འབབ་འདི་བ་ ཕར་ཟད་འགྲོ་མང་པའི་བསྒང་ལས་ རྒྱལ་ཁབ་ཡང་ ལོ་གཅིག་ལས་ལོ་གཅིག་ སྤྱང་ཀ་ཐལ་འོང་།
འབྲུག་གི་དཔལ་འབྱོར་འདི་ ད་ལྟོ་ སྒྲིང་སྒྲིང་སྦེ་ བཟོ་མ་ཚུགས་པར་ སྐྱོ་དྲགས་སྦེ་ཡོདཔ་ལས་ སོ་ནམ་གྱི་ བཟོ་གྲྭ་འཕྲུལ་ཁང་དང་ ཡང་ཅིན་ ཚོང་ར་འབད་རུང་ འཐོན་ཁུངས་མེད་པའི་གུ་ འཕྲུལ་རིག་དང་ མཁས་རིག་ཚུ་ཡང་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ ན་གཞོན་ཚུ་ལུ་ ཡོན་ཏན་སྦོམ་དང་ མཁས་རིག་ཚུ་ ཡར་སེང་གཏང་ནི་གི་ གོ་སྐབས་མ་ཐོབ་པར་ ལུས་མི་དང་ ག་དེམ་ཅིག་སྦེ་ གོ་སྐབས་ཐོབ་རུང་ རང་གི་རྒྱལ་ཁབ་འདི་ ད་ལྟོ་བཟུམ་སྦེ་ར་ བཞག་པ་ཅིན་ གཡོག་བཀོལ་ནི་གི་ གོ་སྐབས་མི་འོང་།
ད་རེས་ཀྱི་ གནས་སྟངས་འདི་ ཚར་ཅིག་ར་འབད་ནི་དེ་གིས་ དངུལ་ཕོགས་ཉུང་པས་ཟེར་ ཧང་ཏོ་མར་ དངུལ་ཕོགས་ཡར་སེང་འབད་ནི་གི་ འོས་འབབ་ཅིག་ མ་མཐོང་མི་དེ་ཡང་ ཡང་ཅིན་ ཚ་གྱང་མེད་ སྣང་དག་མ་སྐྱེད་ ཤུལ་ལས་བཀལ་སར་བཀལ་རུང་ ཁྱད་མེདཔ་སྦེ་ ད་རུང་ཡང་ ཕྱི་ཁ་ལས་ བུ་ལོན་སྦོམ་འཚོལ་ཏེ་ གནས་སྐབས་ཅིག་གི་དོན་ལས་ ན་གཞོན་ཚུ་ སེམས་དགའ་བ་ཅིན་ ཁྱད་མེད་ཟེར་ ག་ཐོབ་སྦེ་ བྱིན་ན་མ་ཤེས་ དེ་མིན་པར་ རང་གིས་བསྒྲུབ་དགོ་པ་ཅིན་ ད་ལྟོ་བཟུམ་སྦེ་ར་ ལཱ་ཁག་རྐྱབ་འོང་། མ་གཞི་ དངུལ་ཕོགས་འདི་ སྟོང་ཕྲག་ ༡༠ ལས་ སྟོང་ཕྲག་ ༢༠ དང་ སྟོང་ཕྲག་ ༢༠ ལས་ སྟོང་ཕྲག་ ༤༠ སྟོང་ཕྲག་ ༤༠ ལས་ སྟོང་ཕྲག་ ༨༠ སྟོང་ཕྲག་ ༨༠ ལས་ འབུམ་ ༡ དང་ སྟོང་ཕྲག་ ༦༠ སྦེ་ བཟོ་དགོཔ་ཅིག་ཨིན།
ཨིན་རུང་ ད་རེས་ཀྱི་ གནས་སྟངས་འདི་ ལེགས་ཤོམ་མེདཔ་ལས་ ན་གཞོན་ཚུ་ཡང་ འབད་ས་བཅའ་ས་ ག་ནི་ཡང་ མ་མཐོང་པར་ ཚ་གྱང་ལང་སྟེ་ བྱ་ཐབས་ར་མེད་པར་ ཕྱིའི་རྒྱལ་ཁབ་ལུ་ ལཱ་འཚོལ་བར་འགྱོ་དེས། ག་ར་གིས་ ཨཱཛ་ཊི་ལི་ཡ་ལུ་ འགྱོ་དེས་ཟེར་སླབ་མས། དེ་འབདཝ་ད་ ཨཱཛ་ཊེ་ལི་ཡ་ལུ་ འགྱོ་བར་ལཱ་ཁག་དང་ གོང་སྦོམ་གནསཔ་ལས་ འབྲུག་མི་ཚུ་ ཨཱཛ་ཊེ་ལུ་ཡ་རྐྱངམ་ཅིག་ལུ་མིན་པར་ དེ་ཚེ་ གོ་དོ་བཟུམ་འབད་བ་ཅིན་ འཛམ་གླིང་རྒྱལ་ཁབ་ ༡༠༠ ལྷགཔ་ཅིག་གི་ནང་ འབྲུག་མི་ཚུ་ ལཱ་འབད་དེ་འདུག་ཟེར་ཨིན་པས།
གནས་སྟངས་འདི་ དེ་མཚམས་ཅིག་སྦེ་ར་ ལུས་སོང་པ་ཅིན་ ལོ་དག་པ་ཅིག་གི་ནང་ ང་བཅས་རའི་ ན་གཞོན་ཚུ་ ཐབས་རང་མེད་པར་ གྱངས་ཁ་མ་ཆོདཔ་ཅིག་ རྒྱལ་ཁབ་གཞན་ཁ་ལས་ཕར་ ལཱ་འཚོལ་བར་ འགྱོཝ་འགྱོ་སར་ ལུས་ནི་ཨིན་པའི་ ཚ་གྱང་ལང་མས། ལ་ལོ་ཅིག་གིས་ རང་གི་ངོ་བསྒང་ལུ་འདི་ དེ་མཚམས་ཅིག་སྦེ་ ལུས་སོ་རུང་ ག་དེ་འབད་བ་ རང་གི་ཨ་ལོ་ཚུ་གི་སྐབས་ལུ་ ད་རེས་བ་དྲགཔ་ཅིག་ ལེགས་ཤོམ་འགྱོ་འོང་ཟེར་ ག་ར་གིས་ ཡིད་ཆེས་སྐྱེད་འོང་།
དེ་གི་ཐད་ཁར་ ག་ཏེ་ཡང་ བལྟ་མིན་དགོ་པས་ འབྲུག་གི་སློབ་གྲྭ་ཚུ་ནང་ ཚར་ཅིག་ལེགས་ཤོམ་སྦེ་ལྟ་ཞིག། སློབ་གྲྭ་ཚུ་ ག་དེ་སྦེ་ཡོད། དུས་རབས་ ༢༡ གི་ ཤེས་ཚད་དང་ སྤུས་ཚད་དང་འབྲེལ་བའི་ རྒྱབ་སྐྱོར་ཡོདཔ་ བཟོ་ཚུགས་ག། ད་རེས་ནངས་པའི་ གནས་ཚད་དང་ ཡང་ཅིན་ འཛམ་གླིང་གི་ གནས་ཚད་དང་འཁྲིལ་ཏེ་ ད་ལྟོ་ སྤུས་ཚད་ལྡན་ཏོག་ཏོ་སྦེ་ བཟོ་ཚུགས་ཅི་ག། ཏེ་ འ་ནི་མིན་འདུག། འདི་གི་ལོགས་ལུ་ ཚ་གྱང་ཐེབས་ཅིག་ ལང་དགོ་པས།
འབྲུག་རྒྱལ་ཁབ་འདི་ནང་ མི་ས་ཡ་ ༧ མིན་པར་ མི་འབུམ་ ༧ ལས་བརྒལ་ཏེ་ མེད་ནི་དེ་གིས་ ལཱ་ག་ཅི་འབད་རུང་ ནཱ་ལུ་ འཇམ་དགོཔ་ཅིག་དང་ སྟབས་བདེ་ཏོག་ཏོ་ ག་ཅི་ར་འབད་རུང་ ལེགས་ཤོམ་སྦེ་ བཟོ་མ་ཚུགསཔ་ཅིག་ཡོད་རུང་ སྐྱོན་ཆགས་ཏེ་ ང་བཅས་རའི་ རྒྱལ་ཁབ་ནང་ ག་ཅི་བཙུགས་རུང་ ཟད་འགྲོ་ག་དེམ་ཅིག་བཏང་རུང་ དུས་ཚོད་ག་དེམ་ཅིག་འགོར་རུང་ ག་དེ་སྦེ་ རྩ་འགེངས་རུང་ ལཱ་དང་ གྲུབ་འབྲས་ཚུ་ མ་པ་ལས་ར་ རྟགས་མ་མཐུནམ་མ་ཚད་ མི་ ༡ གིས་ ལཱ་འབད་ཚུགས་མི་ལུ་ མི་ ༢ དང ༣ བཏང་ མ་དངུལ་འབུམ་ ༡ གནས་མི་ལུ་ འབུམ་ ༢ དང་ ༣ རེ་ཤོར། ལོ་ ༡ གི་ནང་ ཚར་དགོ་མི་འདི་ ལོ་ ༢ དང ༣ འགོརཝ་ལས་ གོང་འཕེལ་བཏང་མི་ རྒྱལ་ཁབ་འདི་ དེ་བཟུམ་སྦེ་ར་ ལུས་སོང་པ་ཅིན་ ལཱ་ཁག་རྐྱབ་ནི་ཨིན་པའི་ ཚ་གྱང་ལང་མས།
མི་སེར་གྱིས་ འ་ནི་བཟུམ་མའི་ གཏམ་མ་ཧནམ་ གོཝ་ད་ལུ་ ཙིགཔ་ཟ་དགོཔ་དང་ ངོ་ཚ་དགོཔ་ སེམས་ཤི་དགོཔ་ རྣམ་རྟོག་ལང་དགོཔ་མེད་པར་ འབྲུག་རྒྱལ་ཁབ་ནང་ ཕྱག་ལཱ་མ་མཛདཔ་མིན་ ཕྱག་ལཱ་མཛད་གནང་ཡི། ག་ར་གིས་ འགན་ཁག་འབག་ཐོག་ལས་ ཤ་ཚ་དང་ ཚ་གྱང་བཙུགས་ཏེ་ རང་གིས་ཤེས་ཤེསཔ་དང་ མཐོང་མཐོངམ་ཅིག་ ལོ་ལས་ལོ་བཅད་དེ་ མཛད་གནང་མི་འདི་ ག་བ་དྲགཔ་སྦེ་ ང་གིས་ཤེས་ ཨིན་རུང་ རང་གིས་མནོ་མི་དང་འཁྲིལ་ཏེ་ འགྱོ་མ་བཏུབ་པར་ བར་ན་ལས་ ཐང་ཐད་དང་ འཐུས་ཤོར་བྱུང་ཡི།
དེ་སྦེ ཐུས་ཤོར་སོང་ཡི་ཟེར་ སླབ་པ་ལུ་ ང་བཅས་ ངོ་ཚ་དགོཔ་དང་ འདྲོག་དགོཔ་ ཚེར་དགོཔ་མེད་ ཚར་གཅིག་མཐུས་ཤོར་སོང་པ་ཅིན་ ག་དེ་སྦེ་བ་ ཚར་གཉིས་འཐུས་ཤོར་སོང་པ་ཅིན་ བཀལ་སར་བཀལཝ་ལས་ ག་ར་གིས་ སེམས་ཁར་དྲན་ཏེ་ ད་ལས་ཕར་གྱི་ བསྒྱུར་བ་འདི་ བཅོ་ཁ་རྐྱབ་ནི་དང་ སྒྲིང་སྒྲིང་བཟོ་ནི་ ལེགས་བཅོས་འབད་ནི་ བསྒྱུར་བའི་ཕྱག་ལཱ་དང་ མི་སེར་ལུ་ ཕན་ཐོགས་པའི་ ཁེ་ཕན་ཅན་གྱི་ ཕྱག་ལཱ་ཚུ་གི་དོན་ལས་ གདོང་ཁར་འཐོན་ཏེ་ ག་ར་གིས་ འགན་འབག་ཞིནམ་ལས་ རྩ་འགེངས་ཏེ་ ཕྱག་ཞུ་ནི་འདི་ གནམ་མེད་ས་མེད་ ཁག་ཆེཝ་སྦེ་ མཐོངམ་ཨིན་པས།
མི་སེར་ཚུ་ རྣམ་རྟོག་ལང་དགོཔ་དང་ ཙིགཔ་ཟ་དགོཔ་ ངོ་ཚ་དགོཔ་ཚུ་བ་ལྷག་སྟེ་ ག་ཅི་ཁག་ཆེ་ཟེར་བ་ཅིན་ མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ སྟབས་མ་བདེཝ་ ག་ཏེ་འདུག་ག་དང་ ག་དེ་སྦེ་འདུག་ག་ཚུ་ ཤེས་དགོ། ཧེ་མ་དང་མ་འདྲ་བའི་ སྟབས་མ་བདེ་བས་ འདི་ཉེན་ཁ་ཆེ་བས་ ད་རེས་ སྟབས་མ་བདེཝ་སྦོམ་འདུག་ཟེར་མི་ ཧ་གོ་དགོ། དེ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོ། འགན་ཁུར་འབག་དགོ། འགན་ཁུར་འབགཔ་དང་ཡང་ ཡར་ལས་གཟིགས་འོང་ རོགས་གཞན་གྱིས་ བལྟ་བྱིན་འོང་། རོགས་ཀྱིས་འབད་འོང་ཟེར་མིན་པར་ ཤེས་ཤེས་མཐོང་མཐོངམ་ཅིག་ རང་གིས་ར་ འགན་ཁྲི་འབག་ཐོག་ལུ་ སེམས་ཀྱིས་ཚོར་ཏེ་ འགན་ཁུར་འབག་དགོ།
རྫོང་ཁག་ ༢༠ ཀྱི་ མི་སེར་ཆེ་བྲིང་ཆུང་ ༣ ག་ར་ ལགཔ་མཐུད་དེ་ རང་གི་རྩ་བ་ ༣ ལུ་ ཕྱག་ཞུ་ནི་འདི་ སྔར་བ་ལྷག་པའི་ ཁག་ཆེཝ་སྦེ་མཐོང་མས། ད་རེས་ཀྱི་ ལཱ་གསར་པའི་ བསྒྱུར་བ་དང་ ལེགས་བཅོས་ཀྱི་ལཱ་ལུ་ མི་ལ་ལོ་གིས་ ཤ་ཚ་སྟེ་ ལེགས་ཤོམ་སླབ་འོང་ ལཱ་འདི་ཁག་ཆེ་བས་ ང་བཅས་ གྲ་སྒྲིག་ཡོད་ག་སྨོ་ གྲ་སྒྲིག་ཡོད་ ལཱ་འགོ་བཙུགས་པའི་བསྒང་ལས་ གྲ་སྒྲིག་ཡོད་ག་སྨོ་ཟེར་བ་ཅིན་ དུས་གཏན་འཇགས་ར་ ན་འཐན་ ལཱ་འབད་ནི་གི་ དུམ་ཁ་ལུ་ལྷོདཔ་ད་ གྲ་སྒྲིག་མེདཔ་སྦེ་ར་སྡོད་འོང་། གྲ་སྒྲིག་ཡོད། སྒུག་སྡོད་ལོངས་མེད། ཏེ་ ལ་ལོ་གིས་འདྲི་འོང་ ཕྱག་ལཱ་འདི་ མཛད་ནི་འདི་ ལེགས་ཤོམ་ཨིན་མས།
ང་བཅས་ག་རའི་ ཁ་ཐུག་ལས་ ཕྱག་ཅི་ཞུ་གེ་ འཇམ་ རྒྱབ་སྐྱོར་ཕུལ་གེ། ཨིན་རུང་ ཕྱག་ལཱ་མཛད་ཐངས་འདི་ མཛད་པའི་སྐབས་ལུ་ འགྲོས་ཀྱིས་བཏང་སྟེ་ ཧོད་ཆི་ཆི་དང་ དགའ་ཏོག་ཏོ་སྦེ་ དུས་ཚོད་བསྣར་ཏེ་ བཏབ་བདེ་ཏོག་ཏོ་སྦེ་ མཛད་གནང་པ་ཅིན་ ག་དེ་སྦེ་མཚམས་ག་ འ་ནི་དགའ་ནི་མས་ཟེར་ ད་ཅི་ གོང་ལས་སླབ་དོ་བཟུམ་སྦེ་ ཧེ་མ་དང་ ད་རེས་ མི་འདྲ་བས། ཉེན་ཁ་ད་རེས་ཆེ་བས། སྟབས་མ་བདེཝ་ ད་རེས་སྦོམ་མས། གཟིགས་དགོཔ་བཅའ་དགོཔ་ རྣམ་པ་སྣ་ཚོགས་སྦེ་འདུག། དུས་ཚོད་མེད་ དཔྱེ་འབད་བ་ཅིན་ ཆུའི་སྦུག་ལུ་ ཆགས་སག་ས་སྦེ་སྡོདཔ་ད་ འགྱོ་ས་ལམ་གཅིག་ལས་ མེད་ནི་དེ་གིས་ རྩལ་རྐྱབ་སྟེ་འཐོན་དགོ། བགོ་ལ་རློནམ་མ་བང་པར་་ སྐམ་ཀྲོག་ཀྲོ་སྦེ་ འཐོན་དགོ་ཟེར་བ་ཅིན་ ལཱ་ཁག་ཡོད། སྟབས་བདེ་ཏོག་ཏོ་ འགྲོས་ཀྱིས་བཏང་འབད་ནི་གི་ ལོ་རྒྱུས་མིན་པར་ ག་དེ་མགྱོགས་མགྱོགས་ར་ འགན་ཁ་འབག་སྟེ་ ཕྱག་ལཱ་མཛད་ནི་ལུ་ ཐུགས་ཐག་བཅད་ནི་འདི་གལ་ཆེ།
ད་ མི་ལ་ལོ་གིས་འདྲི་འོང་ འ་ནི་བཟུམ་གྱི་ ཕྱག་ལཱ་ཚུ་ མཛད་པའི་བསྒང་ལས་ ང་བཅས་ལུ་ འཐོབ་ནི་ག་ཅི་ཡོད་ག་སྨོ་ གྲུབ་འབྲས་ག་ཅི་བཟུམ་ཅིག་འོང་ག་ མི་ལ་ལོ་གིས་ བསྒྱུར་བ་ལེགས་བཅོས་ཀྱི་ ཕྱག་ལཱ་ཟེརཝ་ད་ ཧེ་མ་དང་ ད་རིས་ཀྱི་བར་ན་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་འདི་ར་ འགྱུར་འགྱོཝ་འདྲས་ཟེར་སླབ་འོང་།
རྒྱལ་ཡོངས་དམིགས་ཡུལ་འདི་ འགྱུར་ནི་མེད་པར་ དུས་ཨ་རྟག་ར་ གཅིག་སྦེ་སྡོད་འོང་། རྒྱལ་ཁབ་དང་། མི་སེར། མ་འོངས་པ། ན་གཞོན། ནམ་ར་འབད་རུང་ག་ར་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ མ་འོང་པ་འདི་ བརྟན་ཏོག་ཏོ་ རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབས་ལུ་ རྐྱེན་བར་ཆད་ མ་འཐོན་པར་ སྒྲིང་སྒྲིང་སྦེ་ མི་སེར་གྱི་ མཐའ་དོན་གཙོ་བོར་ བཏོན་ནི་འདི་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ཨིནམ་ལས་ འདི་ནམ་ཡང་མི་འགྱུར། ག་ཅི་འགྱུར་དེས་ཟེར་བ་ཅིན་ ཧེ་མ་དང་ ད་རེས་ཀྱི་བར་ན་ ཕྱག་ལཱ་མཛད་ཐངས་འདི་ ཉིནམ་གཅིག་བ་ཉིནམ་གཅིག་ འགྱུར་ཏེ་འགྱོ་འོང་།
གྲུབ་འབྲས་ཀྱི་ཐད་ལུ་ ང་གིས་མཇལཝ་ད་ གྲུབ་འབྲས་སྦོམ་ཤོས་འདི་ ད་རེས་ནངས་པར་ གནས་སྟངས་དང་འཁྲིལ་ཏེ་ ད་ལྟོ་འགྱོ་བའི་ ལམ་བདའ་སྟེ་ འཕྲོ་རྐྱང་སྟེ་ར་ ཡར་སོང་པ་ཅིན་ ཕྲང་སྟེ་ར་ ནང་དོགས་སར་དང་ དཀའཝ་བཅད་སར་ ཉེན་ཁ་ཆེ་སའི་ ས་གོ་ཚུ་ནང་ཚུད་དེ་ མི་སེར་ག་ར་ ནམ་ཅིག་གི་ཚེ་ དཀའ་ལས་ཁག་དྲགས་འོང། ང་བཅས་ག་ར་ ལས་བསག་ནི་མས། ལེགས་ཤོམ་སྦེ་ སྒྲིང་སྒྲིང་འབད་བ་ཅིན་ མི་སེར་ཚུ་ ཉེན་ཁ་ཅན་གྱི་ ས་གོ་ནང་ མི་ཚུད་ནི་ཨིནམ་ལས་ གྲུབ་འབྲས་སྦོམ་ཤོས་ར་ འདི་འོང་ནི་ཨིན་པས།
མི་ལ་ལོ་གིས་ ད་རེས་ ཕྱག་ལཱ་མཛད་མི་འདི་ ལེགས་ཤོམ་ཨིན་རུང་ རང་གིས་མནོ་མི་དང་འཁྲིལ་ཏེ་ གྲུབ་འབྲས་ཚུ་ འཐོན་འོང་ག་སྨོ་ཟེར་བ་ཅིན་ ལེགས་ཤོམ་སྦེ་འགྱོ་འོང་ གྲུབ་འབྲས་འཐོནམ་སྦེ་ར་ བཟོ་ར་བཟོ་དགོ། བསྒྱུར་བ་ཚུ་ རང་གིས་རང་ལུ་འདྲི་དགོ་ འདི་རང་གི་དོན་ལས་ཨིན་ན་མིན། ཁྱོད་གཅིག་གི་དོན་ལས་ཨིན་ན་ མིན་ ང་བཅས་ཀྱི་དོན་ལས་ཨིན། འབྲུག་པའི་མི་སེར་དང་ མ་འོངས་བུ་གཞིའི་དོན་ལས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛདཔ་ད་ལུ་ ག་ཅི་སྦེ་མཛདཔ་ འདི་ ག་ཅི་ལུ་བརྟེན་ཏེ་མཛདཔ་ འདི་གཞི་བཞག་ས་ར་ དམ་ཚིག་ཨིན།
འབྲུག་གི་ཕྱག་ལཱ་ཚུ་ ཁག་ཆེ་ཏོག་ཏོ་དང་ དམ་ཚིག་གཙང་ཏོག་ཏོ་ཡོད། དམ་ཚིག་བཟུང་སའི་གུ་ འབྲུག་པའི་མི་སེར་གྱི་ ཆས་ཚུ་ལུ་ ཚར་ཅིག་ལྟ་ཞིག་ གཞན་དང་ ང་བཅས་མི་འདྲ་ ལཱ་འབད་ནི་གི་ དུམ་ཁ་དཔག་པའི་བསྒང་ལས་ ག་ར་ཁྱིམ་གཅིག་ནང་གི་ བཟའ་ཚང་བཟུམ་སྦེ་ གཅིག་མཐུན་གྱི་ཐོག་ལས་ ཁས་བླངས་དམ་བཅའ་ཚུ་ཕུལ་ཏེ་ འགན་ཁུར་འབག་ཤེསཔ་དང་ དམ་ཚིག་གཙང་ཏོག་ཏོ་ བྱ་བ་སྤྱོད་ལམ་ཚུ་ ལེགས་ཤོམ་ཡོད་པའི་བསྒང་ལས་ རང་བཞིན་གྱིས་ བྱ་བ་ལམ་འགྲོ་ཚུ་ ཨ་རྟག་ར་ ལེགས་ཤོམ་འགྱོ་བའི་གུ་ལུ་ དབུ་འཁྲིད་བཟང་དགོ། མི་རློབས་འདི་ འབུམ་ ༧ དེ་ཅིག་ར་ཨིན།
དེ་འབདཝ་ད་ ངབཅས་ཀྱི་གྲས་ཁ་ལས་ འགན་ཁུར་འབག་ཚུགས་མི་དང་ ཕྱག་ཞུ་ཚུགས་མི་ ལེ་ཤ་ཅིག་ར་འཐོན་འོང་། དེ་ལུ་ཡང་ བློ་བདེ་བས། དེ་གུ་ལུ་ མི་སེར་ལུ་ གོ་ཆོད་དགོ། ང་བཅས་རའི་ འབྲུག་མི་ཚུ་ གཅིག་ཁྱད་མ་ཆོདཔ་དང་ མནོ་བསམ་བཏང་མ་ཤེསཔ་ ག་ཐོབ་འབད་མི་མིན་པར་ སྒྲིང་སྒྲིང་དང་ མཁས་དྲགས་ཡོད། ཕྱག་ཞུ་ཚུགས། འ་ནི་ཚུ་ག་ར་ ཚང་པའི་བསྒང་ལས་ ཕྱག་ལཱ་ག་ཅི་ར་མཛད་རུང་ ད་རེས་ཀྱི་ ཕྱག་ལཱ་གསརཔ་འདི་ མཛད་པའི་སྐབས་ གྲུབ་འབྲས་འཐོན་འོང་།
ད་རུང་ ངེ་གི་ཁ་ཐུག་ལས་ ལེགས་ཤོམ་འགྱོ་འོང་ཟེར་སླབ་ད་ མི་སེར་གྱིས་ འདི་ཡར་ལས་ར་ གཟིགས་ནི་མས། ང་བཅས་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ སེམས་བག་ཆགས་ ཚ་གྱང་ཉུང་སྟེ་ མི་ལུས་ག་ཟེར་བའི་ ཚ་གྱང་ལང་མས། དཔེར་ན་ ཕྱགས་སྙིགས་འདི་ ད་རིས་འཐུ་བ་ཅིན་ ནངས་པར་ལོག་འཐོན་མས་ མི་ཧ་མ་གོ་ འགན་མ་འབག་ སྣང་བ་མེད་པར་ ག་ཐོབ་ཡང་འབད་མི་འདུག་། ཕྱགས་རྙིགས་བཟུམ་ཅིག་ ལགཔ་གཅིག་གིས་འཐུ་ གཅིག་གིས་ལོག་བཀོག་བ་ཅིན་ སྟབས་མ་བདེཝ་འདི་ རྫོགས་པས་ཟེརཝ་མེད། དེ་བཟུམ་སྦེ་ ད་རེས་ ལེགས་བསྒྱུར་གྱི་ལཱ་འདི་ འབད་བའི་བསྒང་ཨིན་པ་ཅིན་ ག་ར་གིས་ ལགཔ་གཅིག་ཁར་མཐུད་ མནོ་བསམ་གཅིག་སྦེ་བཏང་སྟེ་ རྩ་འགེངས་དགོཔ་འདི་གལ་ཆེ།
དེ་འབདཝ་ལས་ མི་སེར་ལུ་ དྲན་གསོ་འབད་དགོཔ་འདི་ རྒྱལ་ཁབ་ལུ་ སྟབས་མབདེཝ་ ག་ཏེ་ཡོད་ག་དང་ ག་དེ་སྦེ་ཡོད་ག་ཚུ་ཤེས་དགོ། ཧེ་མ་དང་ ད་ལྟོ་མི་འདྲ་བའི་ སྟབས་མ་བདེཝ་འདུག་ཟེར་མི་ ཧ་གོ་སྟེ་ ཚ་གྱང་ལང་ཐོག་ལས་ འགན་ཁུར་འབག་དགོ། ཡར་ལས་གཟིགས་འོང་ རོགས་ཀྱིས་འབད་བྱིན་འོང་ཟེར་ སྡོད་ནི་མིན་པར་ རང་གིས་རྩ་འགེངས་དགོ། འགན་ཁུར་ཚུ་ རང་གིས་འབག་དགོ་ རང་གིས་ཕྱག་ཅིག་ཞུ་གེ་ཟེར་ མི་སེར་ག་ར་གིས་ མནོ་བསམ་དེ་སྦེ་ བཏང་ཤེས་ཏེ་ ཕྱག་ཞུ་བ་ཅིན་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛད་རེ་མཛད་ཚེ་ཅིགཔ་ ལེགས་ཤོམ་འགྱོ་འོང་། དེ་གི་ཐད་ཁར་ ང་ལུ་ དོགས་པ་མེད། བསྒྱུར་བཅོས་ཀྱི་ ལམ་ལུགས་ཚུ་ག་ར་ཚུད་དགོ་ ལམ་ལུགས་ལུ་གནས་དགོ། ཡུན་རིངམོ་སྦེ་ བརྟན་ཏོག་ཏོ་བཞག་དགོ། འ་ནི་བཞག་ཚུགས་མི་འདི་ ཤུལ་ལས་ འཕྲོ་མཐུད་དེ་ ལེགས་ཤོམ་སྦེ་ལྟ་དགོ། དེ་མིན་པ་ཅིན་ ལཱ་འཕྲོ་བརླགས་འགྱོ་འོང་།
དུས་རབས་ ༢༡ པའི་ ལཱ་འབད་ཐངས་མི་འདྲ་ ལཱ་འབད་ཐངས་དང་ མནོ་བསམ་བཏང་ཐངས་ དུས་དང་བསྟུན་པའི་ ཡོན་ཏན་གྱི་ ཤེས་ཚད་དང་ སེམས་ཤུགས་ ལྕོགས་གྲུབ་ རང་རོགས་བ་དྲགཔ་ བཟོ་ནིའི་དོན་ལུ་ མི་སེར་གྲ་སྒྲིག་འབད་དགོ། ད་ལྟོ་བཟུམ་སྦེ་ སྡོད་པར་མི་བཏུབ་ མི་བསྒྱུར་བཅོས་འབད་དགོ་ ཡིག་ཚང་ནང་ སྲིད་བྱུས་བསྒྱུར་ནི་འདི་འཇམ་ མི་འགྱུར་བ་ ལཱ་ཁག་ཡོད། ་
ང་ རྒྱལཔོ་འབདཝ་ལས་ རྒྱལ་པོའི་འགན་འཁུར་ཅིག་ཡོད། ཐ་དམ་ཚིག་དཔང་བཙུགས་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུཝ་ད་ མི་སེར་གྱིས་འགན་འབག་མི་ཚུགས་ ཚགས་ཁར་མི་ཚུད་ འཐུས་ཤོར་འོང་ཟེར་བ་ཅིན་ ང་གིས་འབད་དགོ་ འབད་ཚུགས་ཟེར་ སླབ་ར་མི་སླབ། འབྲུག་རྒྱལ་ཁབ་ནང་ མི་སེར་ སྤར་གང་ལས་མེད་རུང་ ང་བཅས་རའི་ མི་སེར་ཛུ་གོ་ཆོད། མནོ་བསམ་བཏང་ཤེས། འགན་ཁུར་འབད་ཤེས། ཚགས་ཁར་ཚུད། ད་རིས་ མ་ཤེས་པ་ཅིན་ ནངས་པ་ཤེསཔ་བཟོ་ཚུགས། རྩ་འགེངས་ཤེས། འགན་ཁུར་ཅིག་ར་ འབག་པ་ཅིན་ ང་བཅས་རའི་ རྒྱལ་ཁབ་འདི་ གཞན་དང་མ་འདྲཝ་ ད་རེས་བ་དྲགཔ་དང་ ད་རེས་བ་ལེགསཔ་སྦེ་ ན་གཞོན་ཚུ་ལུ་ ངལ་རངས་ཏོག་ཏོ་སྦེ་ རྩིས་སྤྲོད་ཚུགསཔ་སྦེ་ བཟོ་རང་བཟོ་ཚུགས།
ད་ཅི་ ང་གིས་ བློ་འགོ་བཙུགསཔ་ད་ ཨ་ལོའི་ཨའི་ སྐྱེས་ལོ་ ༢༧ གཡུས་པདྨ་དགའ་ཚལ་ལས་ བུ་ལོ་ ༤ འབད་མིའི་སྐོར་ལས་སླབ་ཅི། མོ་གི་མིང་ ཀརྨ་བདེ་ཆེན་ཟེར་ སླབ་ཨིན་པས། ཡང་ཅིན་ ད་ལྟོ་ མོ་ར་ རྒྱང་མཐོང་ནང་ལྟ་སྟེ་སྡོད་འོང་། ད་ལྟོ་ ལཱ་འབད་དེ་ མ་མཐོང་པ་ཅིན་ ལྟ་མ་ཕྱི་རོ་ཁམས་ཅིག་ཁ་ལས་ མོ་རའི་ངོ་ཤེསཔ་ཚུ་གིས་ སག་ལང་སྟེ་ དབའི་ཀརྨ་བདེ་ཆེན་ ད་རིས་འབདན་ ཞབས་ཀྱི་གསུང་བཤད་ནང་ ཁྱོད་ཀྱི་སྐོར་ལས་ གསུངས་དེས་སྨ་རེ་ཟེར་སླབ་རོང་།
དེ་བསྒང་ མོ་ར་ཡང་ ག་ཅི་མནོ་ནི་ཨིན་ན་ མ་ཤེསཔ་ཐལ། རྣམ་རྟོག་ཡང་ལང་སྟེ་སྡོད་འོང་། ང་རང་མནོཝ་མས་ མི་གཅིག་གིས་ ཀརྨ་བདེ་ཆེན་འབད་སར་སོང་སྟེ་ ད་རིས་ མངའ་བདག་རྒྱལ་པོའི་ གསུང་བཤད་ནང་ ག་ཅི་གསུངས་དེས་ཟེར་ ཡང་ཅིན་ ཀརྨ་བདེ་ཆེན་གྱིས་སླབ་འོང་། རྒྱལཔོ་གིས་གསུངས་དེས་ ཧེ་མ་ཕྱག་ལཱ་ལེ་ཤ་མཛད་ནུག། མཛད་ཡང་མཛད་ཅི། བར་ན་ལས་ ཐང་ཐིག་རེ་ ཤོར་ནི་དེ་གིས་ མནོ་མི་དང་འཁྲིལ་ཏེ་ དུམ་གྲ་ཅིག་ འགྱོ་མ་བཏུབ། འཐུས་ཤོར་སོང་ནུག།
ཨིན་རུང་ ཁྱད་མིན་ནུག་ ག་དེ་སྦེ་འབད་བ་ཐབས་མེད་ འཐུས་སྦེན་ཚར ༢ ཤོར་ནི་མི་འོང་ བཀལ་སར་བཀལ་འོང་ ཧེ་མ་དང་ཕྱདཔ་ད་ ད་རེས་ར་ ཉེན་ཁ་ཆེ་བས། ཚ་གྱང་ལང་དགོ། བཅོ་ཁ་རྐྱབ་མ་ཚུགས་པའི་དཔེ་མེད། ཕྱག་ཞུ་མི་ ང་བཅས་ག་ར་ཡོད། འདི་གི་ནང་དོན་ཉིད་ལས་ མི་སེར་གྱིས་ར་ རྒྱལ་ཁབ་ལུ་ཤ་ཚ་ ག་ར་གིས་ འགན་ཁུར་ཅིག་འབག། ཧ་གོ་མ་གོ་གི་ ཁྱད་པར་ཅིག་ཨིན།
ད་ལས་ཕར་ མི་སེར་ལུ་ གོ་བརྡ་ལེགས་ཤོམ་སྦེ་ སྤྲོད་ཞིནམ་ལས་ མི་སེར་གྱིས་ འཐུ་ད་ཆི་ཟེར་ མི་སེར་གྱིས་ར་ འགན་ཁྲི་འབག་སྟེ་ ཕྱག་ཕྱིད་ཞུ་རང་ཞུ་འོང་། དེ་སྦེ་ ཕྱག་ཞུ་བའི་བསྒང་ལས་ རང་བཞིན་གྱིས་ རྒྱལ་ཁབ་འདི་ སྒྲིང་སྒྲིང་ཐལ་འོང་། འདི་ག་ར་ མ་འོངས་པའི་དོན་ལུ་བརྟེན་ཏེ་ཨིན། ན་གཞོན་གྱི་དོན་ལས་ཨིན། རང་གི་བུ་གཞིའི་དོན་ལས་ཨིན་ཟེར་ གསུངས་མི་ཚུ་ སེམས་ཁར་བཞག་སྟེ་ ལེགས་བཅོས་ཀྱི་ ཕྱག་ལཱ་མཛདཔ་ད་ལུ་ བསྒྱུར་བའི་ཕྱག་ལཱ་ཚུ་ དུས་དང་བསྟུན་པའི་ ཁེ་ཕན་གྱི་ ཕྱག་ལཱ་ཚུ་ མཛད་མི་འདི་གིས་ཡང་ ཕན་ཐོགས་ཟེར་མི་འདི་ ག་ར་གི་ དམིགས་ཡུལ་ཅིག་ཨིན།
རྒྱལ་ཁབ་དང་ མི་སེར་ ང་བཅས་ཀྱི་དོན་ལས་ཨིན་ཟེར་ གསུངས་ཏེ་འབད་རུང་ མི་འདི་གིས་ འདྲི་བ་ཅིན་ ཀརྨ་་བདེ་ཆེན་ལུ་ མེན་མེན་ རོགས་ཞབས་ཀྱིས་འདི་ ལེགས་ཤོས་སྦེ་ གསུངས་གནང་དེས་པ་ ཁྱོད་ཀྱིས་ཧ་གོ་ནུག། དེ་འབདཝ་ད་ འ་ནི་བཟུམ་གྱི་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་འགྱོཝ་ད་ ཀརྨ་བདེ་ཆེན་ ཁྱོད་ལུ་ ག་དེ་སྦེ་ཕན་ཐོགས་ ཁྱོད་ཀྱི་བུ་ལུ་ ག་དེ་སྦེ་ཕན་ཐོགས་ ཁྱོད་ཀྱི་བཟའ་ཚང་ལུ་ ག་དེ་སྦེ་ཕན་ཐོགས་ཟེར་ ང་གིས་ ལོགས་སུ་སྦེ་ ད་ལྟོ་ ཀརྨ་བདེ་ཆེན་དང་གཅིག་ཁར་ ཁ་ཅིག་སླབ་དགོ་པས་ ད་ལྟོ་ ཉན་ཏེ་ཡོད་པ་ཅིན་ ཀརྨ་བདེ་ཆེན་ ཁྱོད་རང་གིས་ཡང་ ཧ་གོ་གོཝ་འོང་།
རྒྱལ་ཁབ་ཀྱི་ ཕྱག་ལཱ་འདི་ གནམ་མེད་ས་མེད་ཁག་ཆེ་ འཐུས་ཤོར་བ་ཅིན་ བཀལ་སར་བཀལ་འོང་ ཨིན་རུང་ ཁྱོད་དོགས་པ་མ་ཟ་ ང་བཅས་ཀྱིས་ འཐུས་མི་ཤོར་ ལེགས་ཤོམ་ཡོདཔ་སྦེ་ར་བཟོ་ཚུགས། ལེགས་ཤོམ་སྦེ་ འགྱོ་ར་འགྱོ་འོང་། གྲུབ་འབྲས་འཐོན་འོང་། འདི་ག་ར་ ཁྱོད་ཀྱི་དོན་ལས་ར་ཨིན། ཀརྨ་བདེ་ཆེན་ ཁྱོད་རྐྱངམ་ཅིག་མིན་ ང་བཅས་ག་ར་ ཚ་གྱང་ལང་མས། གཙང་མི་སྡོད་ འདྲེ་གིས་བདའ་དོ་བཟུམ་སྦེ་ ཉིནམ་ཅིག་ར་ དུས་ཚོད་འཕྲོ་བརླགས་མ་གཏང་པར་ ང་བཅས་ཀྱིས་ཡང་ ཕྱག་ཞུ་འོང་།
ཀརྨ་བདེ་ཆེན་ ད་རེས་ཀྱི་ ཕྱག་ལཱ་ཚུ་ ལེགས་ཤོམ་སྦེ་འགྱོཝ་ད་ འདི་གིས་གྲུབ་འབྲས་འདི་ ཁྱོད་བུ་ལུ་ ཡོན་ཏན་ལེགས་ཤོམ་སྦེ་འཐོབ་ཏེ་ འཛམ་གླིང་གི་ གནས་ཚད་འདི་བདའ་བཟུན། ཆུང་རྐང་ཐང་དྲངས་ སྦོམ་མི་གྲལ་བཙུགས་ཚུགས་པ་ཅིན་ ཁོ་ར་ལུ་ ལཱ་ལེགས་ཤོམ་དང་ དངུལ་ཕོགས་སྦོམ་འཐོབ་ ག་ཏེ་འགྱོ་ རུང མགུ་ནམ་མཁར་སེང་སྟེ་ ང་ འབྲུགཔ་ཨིན་ཟེར་ སླབ་ཚུགསཔ་ཐལ་འོང་།
ཀརྨ་བདེ་ཆེན་ ཁྱོད་ཡང་བསམ་པ་རྫོགས་ བློ་བདེ་ ཀརྨ་བདེ་ཆེན་ ད་ལྟོ་ ཁྱོད་རའི་དངུལ་ཕོགས་དང་འཁྲིལ་བ་ཅིན་ ཁང་གླ་ཡང་ བཏབ་ཚུགས་པར་ ལཱ་ཁག་རྐྱབ་པའི་ཁར་ ཟད་འགྲོ་ཡང་མ་ལང་པར་ ཁྱོད་དཀའཝ་སྤྱད་དེས། ཀརྨ་བདེ་ཆེན་ ད་ལྟོ་བཟུམ་སྦེ་ར་ ལུས་སོང་པ་ཅིན་ ཤུལ་ལས་ ཁྱོད་ཨང་རྒས་ཐལཝ་ད་ ཁྱོད་སྤང་ན་ལུས་འོང་། སྡོདན་སྦ་སྒོ་ནང་ སྡོད་དགོཔ་བྱུང་འོང་།
ཀརྨ་བདེ་ཆེན་ ཁྱོད་ལུ་ རང་གི་ཕ་ཁྱིམ་དང་ ཕ་གཞིས་ ཨ་ལོ་བུཚ་ལུ་བདོག་གཏད་ སྐལཝ་བགོ་བཤའ་དང་ ཁྱོད་སྡོད་ནི་གི་ ཁྱིམ་ཅིག་ཐོབ་སྦེ་ བཟོ་ནི་འདི་ གནམ་མེད་ས་མེད་ཁག་ཆེ། ང་བཅས་རའི་ འབྲུག་ལུང་པ་ལུ་ རྒྱལ་ཁབ་གཞན་དང་མི་འདྲ་ མི་སེར་གངམོ་མེད་ ལང་ར་ལང་ ཁྱོད་བདེ་ཏོག་ཏོ་ བཟོ་ནི་འདི་ཁག་ཆེ།
ཀརྨ་བདེ་ཆེན་ ཁྱོད་ཨང་རྒས་ཀྱི་ ལོ་རྒྱུས་སླབ་པའི་བསྒང་ལས་ ད་ལྟོ་ ཁྱོད་ལོ་ ༢༧ ར་ཨིན་པས། དཔའོ་ ཁྱོད་ཨང་རྒས་ཐལ་ཐལ་གྱི་བར་ན་ འགྱོ་སའི་ལམ་དེ་ཡང་ གནམ་མེད་ས་མེད་ ཡུན་ཐག་རིངམོ་གི་ ལམ་ཅིག་ཨིན། ཁྱོད་ར་ འ་ནི་ལམ་བདའ་འགྱོཝ་ད་ གཞན་གཞུང་ཞབས་ཀྱི་ ཁ་ཐུག་ལས་ ཁྱོད་ལུ་ རྒྱབ་སྐྱོར་རྣམ་པ་སྣ་ཚོགས་ གནང་ནི་འདི་གལ་ཆེ། འདི་གནང་དགོཔ་ཡོད། དཔྱེ་སྦེ་སླབ་པ་ཅིན་ ཀརྨ་བདེ་ཆེན་ ཁྱོད་ ད་ལྟོ་ སྐྱེས་ལོ་ ༢༧ ཨིནམ་ལས་ ལོ་ ༡༠ གྱི་རྒྱབ་ལས་ སྤྱི་ལོ་ ༢༠༣༢ ལུ་ ད་རེས་བཟུམ་སྦེ་ར་ སྡོད་པ་ཅིན་ ཁྱོད་ག་ཨིནམ་སྦེ་ར་ལུས་འོང་ ཁྱོད་ཐེབས་སྒྲིང་སྒྲིང་མི་ཐལ། གྲ་སྒྲིག་མི་འོང་ ལོ་ ༡༠ ཟེར་མི་འདི་ ཁྱོད་ཀྱིས་ མགྱོནམོ་ལུ་ཀོ་ཕི་བསྐྱལ། ཀེག་བསྐྱལ། ཕྱགས་བརྡར་རྐྱབ་ དངུལ་ཕོགས་ཆུང་ཀུ་ཅིག་ལེན་སྦེ་ འ་ནེ་སྦེ་ར་ལུས་འོང་།
ལོ་ ༡༠ གྱི་རྒྱབ་ལས་ ཁྱོད་ཀྱི་བུ་འདི་ ལོ་ ༡༤ ལང་མས། ཁྱོད་ལུ་ རྒྱབ་སྐྱོར་ཟེར་མི་འདི་ དཔྱེ་འབད་བ་ཅིན་ རིག་རྩལ་སྣ་ཚོགས་ཚུ་ ཁྱོད་ཀྱིས་ སྤྲོ་བ་ཡོད་མི་ ལཱ་འདི་འབད་ནི་ར་མམ། དེ་འབདཝ་ད་ དུས་ཚོད་ཁོམ་ད་ལུ་ ཡང་ཅིན་ ད་ལྟོ་ ཁྱོད་ ཀེ་ཕིའི་ནང་ ལཱ་འབད་དེ་ ལོ་ ༡༠ གྱི་རིང་ལུ་ སྦྱོང་བརྡར་འབད་བ་ཅིན་ ས་གོ་གཅིག་གི་ནང་ར་ མ་སྡོད་པར་ ཡར་འཛེགས་ཏེ་འགྱོ་དགོ།
ཡང་ཅིན་ ལོ་ ༡༠ གྱི་རིང་ལུ་ སྐད་རིག་གི་ སྦྱོང་བརྡར་ག་ཅི་ར་འབད་རུང་ ཁྱོད་ཀྱི་རེ་བ་གྲུབ་ཚུགས། ཁྱོད་ ཧེང་སྐལ་ར་ སྒྲིང་སྒྲིང་ཐལ་ཏེ་ ཡང་ཅིན་ གློག་རིག་དང་ ཡང་ཅིན་ ཚེམས་རྐྱབ་ནི་ ཡང་ཅིན་ བཟོ་བཟོ་ནི་ དེ་ལས་ གཞན་ཡང་ ཚོང་ལཱ་རྐྱབ་དགོ་ཟེར་རུང་ དེ་དང་འབྲེལ་བའི་ ཡོན་ཏན་་ཐོབ་ཚུགསཔ་ བཟོ་བ་ཅིན་ ཀརྨ་བདེ་ཆེན་ ཁྱོད་ ལོ་ ༡༠ གྱི་རྒྱབ་ལས་ ཁྱོད་རང་མགོ་རང་དྲོངས་དང་ ལཱ་གཅིག་མ་ཚད་ ལཱ་གཉིས་དང་གསུམ་ཡང་འབད་ཚུགས། རང་སེམས་བག་ཆགས་ ཨ་ལོ་ལུ་ཕན་ཐོགས་ སྒྲིང་སྒྲིང་ཐལ་འོང།
ཀརྨ་བདེ་ཆེན་ རྒྱལ་ཁབ་ཀྱི་ལཱ་ཚུ་ ལེགས་ཤོམ་སྦེ་ འགྱོ་བའི་བསྒང་ལས་ ཁྱོད་ཀྱི་རྨགཔ་འདི་ ལཱ་གཡོག་མེད་པར་མི་ལུས་ ལཱ་འཐོབ་བཟོ་ཚུགས་ རང་གི་ཁྱིམ་ནང་ ལཱ་གཅིག་བ་འདི་ ལཱ་གཉིས་ཡོདཔ་ད་ དངུལ་ཕོགས་གཅིག་བ་གཉིས་ཡོདཔ་དྲག། དེ་ཡང་ ཁྱོད་ཀྱི་ ཨ་ལོ་ལུ་ཕན་ཐོགས། ཀརྨ་བདེ་ཆེན་ ལེགས་ཤོམ་སྦེ་ འགྱོ་བའི་བསྒང་ལས་ རྒྱལ་ཁབ་ཡང་ སྒྲིང་སྒྲིང་ཐལ་འོང་། རང་བཞིན་གྱིས་སྦེ་ མི་ཡར་རྒྱས་བཏགསཔ་ཨིན།
ད་ལྟོ་ ཁྱོད་ ལཱ་འབད་སའི་ ཀེ་ཕིའི་སྦྱིན་བདག་དེ་ ཕྱུགཔོ་ཐལ་འོང་། དེ་ལས་ ཁྱོད་ར་མ་ཚད་ ཁྱོད་རའི་མཉམ་རོགས་ཚུ་དང་ ཆ་རོགས་ཚུ་ག་ར་ལུ་ དངུལ་ཕོགས་སྦོམ་འཐོབ་ཚུགས།
ཀརྨ་བདེ་ཆེན་ ད་རེས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་ཚུ་ ཁག་ཆེ་ཟེར་ ལེགས་ཤོམ་སྦེ་ འཐོནམ་སྦེ་ར་བཟོ་ནི། བཟོ་ཡང་བཟོ་དགོ་ཟེར་ དེ་སྦེ་ སླབ་མི་དེ་ཡང་ ད་ལྟོའི་གནས་སྟངས་དང་འཁྲིལ་པ་ཅིན་ ཁྱོད་སྔུ་དེས། ཁྱོད་ ངེ་གི་གདོང་ཁར་སྔུ་ཡི། ང་གིས་བལྟཝ་ད་ ཁྱོད་ཀྱི་མིག་ཆུ་འདི་ རྟག་པ་བརྟན་པ་ ག་ནི་ཡང་མེད་པའི་ ཚ་གྱང་གི་ མིག་ཆུ་དང་ ཁྱོད་དཀའཝ་སྤྱད་ ནང་དོགས་པའི་མིག་ཆུ་ ཁྱོད་རའི་ཨ་ལོ་ ལོ་ ༤ གི་ འགན་ཁུར་འབག་པའི་མིག་ཆུ། ཀརྨ་བདེ་ཆེན་ ཁྱོད་མ་པ་ལས་ར་ སྔུ་དགོཔ་མེདཔ་ བཟོ་ནི་འདི་ཁག་ཆེ། ཁྱོད་ར་ རང་མགོ་རང་འདྲོངས་བཟོ། ཁྱོད་རང་སྡོད་སའི་ ས་གོ་བརྟན་ཏོག་ཏོ་ཅིག་ཡོད། ཟད་འགྲོ་ཡང་ལང་ འདི་གུ་ དུས་ཚོད་འཕྲོ་བརླགས་མ་གཏང་པར་ ཡོན་ཏན་འདི་སྒྲུབ། དུས་གཏན་འཇགས་ར་ བློ་བདེ་པག་པ་སྦེ་ ཡར་རྒྱས་གཏང་ཚུགས། ཡར་རྒྱས་གཏང་ནི་ཡོདཔ་ བཟོ་ནི་གི་ འཆར་གཞི་ཚུ་ཨིན།
ཀརྨ་བདེ་ཆེན་ ད་རེས་ཀྱི་ ཕྱག་ལཱ་ཚུ་ག་ར་ ཁྱོད་ཀྱི་དོན་ལུ་ཨིན། ཁྱོད་ལུ་ ཕན་ཐོགས་བཅུག་ཟེར་ སྨོན་ལམ་བཏབ་དོ། ཁྱོད་མ་ཚད་ ད་ལྟོ་ ཁྱོད་རའི་ཕོཝ་ནང་མེད་མི་ ཨ་ལོ་ཡང་ ཁྱོད་སེམས་དགའ་བའི་བསྒང་ལས་ ཨ་ལོ་གཅིག་མིན་པར་ ༣ དང་ ༤ གི་ མནོ་བསམ་གཏང་ནི་ འགོ་བཙུགས་འོང།
ཁྱོད་ལུ་ ཨ་ལོ་ལེ་ཤ་ཡོད་པ་ཅིན་ ང་བཅས་ཀྱི་ རྒྱལ་ཁབ་ལུ་ཕན། ཁྱོད་ཀྱིས་ ཨ་ལོ་ལེ་ཤ་ གསོ་ཚུགསཔ་དང་ བདག་འཛིན་འཐབ་ཚུགསཔ་ བཟོ་ནི་འདི་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་ཨིན།
དེ་མ་ཚད་ ད་རེས་ཀྱི་ ཕྱག་ལཱ་འདི་ ཀརྨ་བདེ་ཆེན་ ཁྱོད་ཀྱི་ཕོ་བའི་ནང་མེད་མི་ ཨ་ལོའི་གཞི་འགྱམ་དང་ ཤུལ་མའི་ བདེ་བཟང་བའི་ ཕྱག་ལཱ་ཨིན།
ཀརྨ་བདེ་ཆེན་ ཁྱོད་ར་གིས་ ག་དེ་དྲག་དྲག་སྦེ་ རྩ་འགེངས་ཏེ་ ཕྱག་ཞུ་དགོ། འགན་ཁུར་འབག་དགོ། རྒྱལཔོ་ང་གཅིག་གིས་བལྟ་འོང་ ཡར་ལས་ར་གཟིགས་འོང་ ཡང་ཅིན་ རོགས་ཀྱིས་འབད་འོང་ཟེར་ མནོ་མ་སྡོད་པར་ ཁྱོད་ར་ ན་གཞོན་ཨིནམ་ལས་ ཁྱོད་ཀྱིས་ ཕྱག་ཞུ་ཚུགས། ཁྱོད་ཀྱིས་ འགན་ཁག་འབག་ཚུགས། ང་བཅས་ག་ར་ ལགཔ་གཅིག་ཁར་མཐུད་དེ་ ད་རེས་ རྒྱལ་ཁབ་ཀྱི་ ཕྱག་ལཱ་མཛདཔ་ད་ རྩ་ཆེ་ཏོག་ཏོ་ཚུ་ འཐུས་ཤོར་མེད་པར་ ལེགས་ཤོམ་སྦེ་བཟོ་གེ།
ད་རེས་ རྒྱལ་ཡོངས་ཚོགས་སྡེ་དང་ མགྱོནམོ་ག་ར་ལུ་ བཀྲིས་བདེ་ལེགས་ཡེོད།

Please follow and like us: