ཀུན་མཁྱེན་བཀའ་འབུམ་གྱི་ ལྗགས་ལུང་གྲོལ་སྟོན་ལུ་ གཏང་རག་གི་ཚོགས་འཁོར།

ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༡ པའི་ཚེས་ ༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ བླ་སྤྲུལ་དང་ འཕགས་པའི་དགེ་འདུནམ་ཚུ་གིས་ དཔལ་ལྡན་འབྲུག་པའི་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གཏང་རག་གི་ ཚོགས་འཁོར་བསྐོར་གནང་ཡི།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཀུན་མཁྱེན་པདྨ་དཀར་པོའི་ གསུང་འབུམ་པོ་ཏི་ ༢༤ དང་ རྒྱལ་བ་རྗེ་ཀུན་དགའ་དཔལ་འབྱོར་གྱི་ གསུང་འབུམ་པོ་ཏི་ ༣ འབདཝ་ད་ པོ་ཏི་ཡོངས་བསྡོམས་ ༢༧ གྱི་ ལྗགས་ལུང་ཡོངས་རྫོགས་ གནང་ནི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ མཇུག་བསྡུ་ཡོད་པའི་ བཀྲིན་དགའ་ཚོར་ལུ་ཨིན་པས།
ད་རེས་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ལོ་བསྟར་གནང་སྲོལ་ཡོད་མི་ སྨོན་ལམ་ཆེན་མོ་དེ་ཡང་ བླ་སྤྲུལ་དང་ མཁན་སློབ་ དེ་ལས་ དགེ་སློང་དང་ སྒོམ་ཆེན་ ཨ་ནེམོ་ དད་ལྡན་མི་སེར་ཚུ་གིས་སྦེ་ ཉིན་གྲངས་ ༥ གི་རིང་ལུ་ གནངམ་ཨིན་པས།
དེ་བཟུམ་མའི་ ལྗགས་ལུང་གནང་དགོཔ་སྦེ་ ཐིམ་ཕུ་རྟ་མགོ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭ་གིས་ སྐྱབས་རྗེ་རིན་པོ་ཆེ་ལུ་ གསོལཝ་བཏབ་བཞིན་དུ་ གཞུང་གྲྭ་ཚང་གིས་ འགོ་འདྲེན་འཐབ་གནང་མི་ ལྗགས་ལུང་གནང་སར་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་ཁག་དང་ བཤད་གྲྭ་ཁག་ལས་ བླ་སྤྲུལ་དང་ མཁན་སློབ་ དགེ་སློང་ སྒོམ་ཆེན་ ཨ་ནེམོ་ཚུ་གིས་མ་ཚད་པར་ རྒྱ་གར་ལ་དྭགས་ཀྱི་ དགེ་འདུན་པ་དང་ དད་ལྡན་མི་སེར་ཚུ་ཡང་ མང་རབས་ཅིག་ འཛོམས་ཡོད་པའི་གནས་ཚུལ།

Please follow and like us: