སྲིད་འཛིན་ཛི་ཇིན་པིང་གིས་ རྒྱ་ནག་གི་ དམག་སྡེ་ལུ་ ཕྱད་མདའ་རྐྱབ་སྟེ་ རྒྱལ་ཁ་འཐོབ་ནིའི་དོན་ལས་ གྲ་སྒྲིག་འབད་དགོ་པའི་བཀོད་རྒྱ།

ཨེན་ཌི་ཊི་ཝི།
རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ རྒྱ་ནག་གི་ རྒྱལ་ཡོངས་བདེ་སྲུང་དེ་ སྲ་བརྟན་མེདཔ་ འགྱོ་དོ་ཡོདཔ་ལས་ དམག་སྡེ་གིས་ སྟོབས་ཤུགས་ཡོད་རིགས་ཀྱི་ ལྕོགས་གྲུབ་ཡར་སེང་ཐོག་ལས་ ཕྱད་མདའ་རྐྱབ་ནི་ལུ་ གྲ་སྒྲིག་འབད་དེ་ ཕྱད་མདའ་ཚུ་གི་ནང་ལས་ རྒྱལ་ཁ་འཐོབ་ནི་ཡོདཔ་ བཟོ་དགོ་ཟེར་ཨིན་པས།
དེ་ཡང་ ཁོ་གིས་ ལོ་ངོ་ ༥ རེའི་ གནས་ཡུན་ ༣ པའི་སྐབས་ལུ་ དྲག་པོའི་དམག་སྡེའི་ འགན་ཁུར་དེ་ ལག་ཐོག་ལེན་པའི་སྐབས་ལུ་ གསལ་བཤད་འབད་ནུག།
སྐྱེས་ལོ་ ༦༩ འབད་མི་ ཛི་ཇིན་པིང་དེ་ གཞུང་སྐྱོང་སྲིད་ཚོགས་ ཀ་མུས་ནིཛ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་དང་ དབུས་གཞུང་དམག་སྡེ་ལྷན་ཚོགས་ཀྱི་ འགོ་འཛིན་ཡང་ཨིནམ་ད་ དེ་བཟུམ་མའི་ མངོན་པར་མཐོ་བའི་ གོ་གནས་ཁར་ ལོ་ངོ་ ༥ རེའི་བར་ན་ ཐེངས་རེ་འཚོགས་མི་ སྲིད་དོན་ཞལ་འཛོམས་ནང་ལས་ འདས་པའི་ཟླཝ་ནང་ ལོ་ལྔའི་གནས་ཡུན་གྱི་དོན་ལུ་ རལོག་སྟེ་ར་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
སྲིད་ཚོགས་དང་ དམག་སྡེ་ དེ་ལས་ སྲིད་འཛིན་དང་བཅས་པའི་ དབང་ཤུགས་ཡོད་མི་ གོ་གནས་ ༣ རེ་ འཆང་མི་དང་ ལོ་ངོ་ ༡༠ གྱི་ གནས་ཡུན་ཚང་པའི་ཤུལ་ལས་ ཡང་བསྐྱར་དུ་ གནས་ཡུན་འཕྲོ་མཐུད་འབད་ནི་དེ་ སྲིད་ཚོགས་དེ་ འགོ་དང་པ་ གཞི་བཙུགས་འབད་མི་དང་ སྲིད་ཚོགས་ཀྱི་འགོ་ཁྲིདཔ་ མའོ་ཟེ་དོང་རྐྱངམ་གཅིག་གིས་ འཕྲོ་མཐུད་འབད་ཡོདཔ་ད་ སྲིད་འཛིན་གཞན་ཚུ་གིས་ དགོངས་ཞུ་འབད་ནུག།
ཛི་ཇིན་པིང་གིས་ སྲིད་འཛིན་གྱི་ གོ་གནས་ཁར་ གནས་ཡུན་ ༣ པ་ འགོ་བཙུགས་ནི་དང་འབྲེལ་ཏེ་ མི་གྲངས་ས་ཡ་ ༢ དེ་ཅིག་འབད་མི་ དམག་སྡེ་ལུ་ འཛམ་གླིང་ནང་ ཧེ་མར་ མཐོང་མ་མྱོང་པའི་ འགྱུར་བ་ཚུ་ བྱུང་པ་ལུ་བརྟེན་ཏེ་ རྒྱ་ནག་གི་ བདེ་སྲུང་དེ་ སྒྲིང་སྒྲིང་དང་ ངེས་པ་མེདཔ་ ཐལ་དོ་ཡོདཔ་ལས་ དམག་སྡེ་ལུ་ འགན་ཁུར་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།.
དེ་མ་ཚད་ དྲག་པོའི་དམག་སྡེ་གིས་ ཕྱད་མདའ་རྐྱབ་ནི་དང་ ཕྱད་མདའ་ལུ་ གྲ་སྒྲིག་ཐོག་ལས་ ལྕོགས་གྲུབ་ཡར་དྲགས་གཏང་སྟེ་ ཕྱད་མདའ་རྐྱབ་ནི་དང་ རྒྱལ་ཁ་འཐོབ་ནི་ཡོདཔ་ བཟོ་ཐབས་ཀྱི་ འགན་ཁུར་ཚུ་ལུ་ ཤུགས་བཏོན་དགོཔ་མ་ཚད་ རྒྱལ་ཡོངས་ཀྱི་ རང་དབང་དང་ སྲུང་སྐྱོབ་ཚུ་ཡང་ ཉེན་སྲུང་འབད་དེ་ སྲིད་ཚོགས་དང་ མི་སེར་གྱིས་སྤྲོད་མི་ འགན་ཁུར་ཚུ་ མཐར་འཁྱོར་ཅན་སྦེ་ བསྒྲུབ་དགོ་པའི་སྐོར་ལས་ཡང་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: