ལྷ་བབས་དུས་ཆེན་དང་ དྲིན་ཅན་ཨའི་གི་ ཉིནམ་བརྩི་སྲུང་།

རང་ཟླ་ ༩ པའི་ཚེས་ ༢༢ ལུ་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ བཀའ་དགོངས་ལྟར་དུ་ དྲིན་ཅན་ཨའི་གི་ ཉིནམ་སྦེ་ཡང་ བརྩི་སྲུང་ཞུཝ་ཨིན།
ཉིནམ་དེ་ཁར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ལྷ་ཡུལ་ལུ་བྱོན་ཏེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་གསུངས་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་པས།
སངས་རྒྱས་བཅོས་ལྡན་འདས་ དེ་སྦེ་ ལྷ་ཡུལ་ལུ་ བྱོན་དགོ་པའི་ རྒྱུ་མཚན་ཡང་ སངས་རྒྱས་སྐུ་འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ བཤགས་ཡོདཔ་བཞིན་དུ་ སུམ་ཅུ་རྩ་གསུམ་གྱི་ ལྷའི་གནས་ལུ་ སྐུ་སྐྱེས་བཞེས་ཏེ་ བཞུགས་ནི་དེ་གིས་ ཡུམ་ལུ་ དྲིན་ལན་འཇལ་ནིའི་དོན་ལས་ ཆོས་གསུངས་པར་བྱོན་ནུག།
དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ མི་ལོ་ ༦ གི་ཤུལ་ལས་ ཆུ་སྟོད་ཟླཝ་ ༦ པའི་ཚེས་ ༡༥ ལུ་ བྱོན་ཡོདཔ་བཞིན་དུ་ ཟླཝ་ ༦ པའི་ཚེས་ ༡༦ ལས་ ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱི་ སྐྱེ་ཚལ་བི་ད་རའི་ སྦོ་ལོགས་ཁར་ ཟླ་ངོ་ ༣ གྱི་རིང་ལུ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་གཙོས་པའི་ ལྷ་དང་ ལྷ་མོ་ཚུ་ལུ་ ཆོས་འཁོར་བསྐོར་གནང་སྟེ་ བཞུགས་ཡོདཔ་ཨིན་པས།
དེ་བསྒང་ འཇིག་རྟེན་འདི་ནང་ སངས་རྒྱས་མཇལ་ནི་གི་ གོ་སྐབས་མེད་པར་ མུན་པའི་བསྐལ་པ་ལུ་ གྱུར་སོངཔ་ལས་ དགེ་བསྙེན་དང་ དགེ་སློང་གི་ འཁོར་རྣམ་པ་བཞི་དང་ ཆོས་རྒྱལ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཚུ་གིས་ རྫུ་འཕྲུལ་ལུ་ ཐོགས་པ་མེད་མི་ མོའུ་འགལ་གྱི་བུ་ལུ་ སངས་རྒྱས་གདན་འདྲེན་ཞུ་བར་ བྱོན་དགོ་པའི་ གསོལཝ་བཏབ་ནུག།
དེ་སྦེ་ གསོལཝ་བཏབ་མི་ལུ་ མོའུ་འགལ་གྱི་བུ་གིས་ཡང་ ཞལ་བཞེས་མཛད་དེ་ རང་ཟླ་ ༩ པའི་ཚེས་ ༡༥ གི་ཉིན་མར་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ བྱོན་ཞིནམ་ལས་ སངས་རྒྱས་བཅོས་ལྡན་འདས་ འཇིག་རྟེན་མི་ཡུལ་ལུ་ ལོག་བྱོན་དགོཔ་སྦེ་ གསོལཝ་བཏབ་བཞིན་དུ་ ལྷའི་དབང་པོ་བརྒྱ་བྱིན་གྱིས་ སྦུག་ན་ལུ་ བཻ་ཌུ་རྱའི་ བད་སྐས་རིངམོ་ཅིག་དང་ གཡས་ཁ་ཐུག་ལས་ གསེར་གྱི་བད་སྐས་དང་ གཡོན་ཁ་ཐུག་ལས་ དངུལ་གྱི་བད་སྐས་བཙུགས་ཏེ་ ཕུལ་ཡོདཔ་ཨིན་པས།
དེ་ལས་ ཐ་སྐར་ཟླཝ་ ༩ པའི་ཚེས་ ༢༢ ལུ་ སྦུག་ནའི་བད་སྐས་གུ་ལས་ སངས་རྒྱས་བཅོམ་ལྡན་འདས་དང་ གཡས་ལས་ཚངས་པ་དང་ གཡོན་ལས་བརྒྱ་བྱིན་སྦེ་ རྔ་གཡབ་དཀརཔོ་དང་ གདུགས་དཀརཔོ་ཚུ་བསྣམས་ཏེ་ ལྷ་དང་ ལྷམོ་ཚུ་གིས་ མཆོད་སྤྲིན་དང་བཅས་པའི་སྒོ་ལས་ གྲོང་ཁྱེར་ཤཱང་ཀ་ཤའི་ སྦོ་ལོགས་ཁར་ མེ་ཏོག་ཨུ་དུམ་ཝ་རའི་ སྐྱེད་ཚལ་ནང་ ལྷ་མིའི་འཁོར་འཛོམས་སར་ བབས་བྱོན་ནུག།
དེ་བསྒང་ དགེ་སློང་གི་ འཁོར་རྣམ་པ་བཞི་དང་ ཆོས་རྒྱལ་གཟུགས་ཅན་སྙིང་པོ་ལ་སོགས་པ་ མིའི་གདུལ་བྱ་ག་ར་གིས་ ཕྱག་འཚལ་ སྐོར་ར་རྐྱབ་སྟེ་ གསོལ་འདེབས་ལ་སོགས་པའི་ ཞབས་ཏོག་བསྙེན་བཀུར་ཚུ་ ཞུ་ཐོག་ལས་ མ་འོངས་སེམས་ཅན་ཚུ་གིས་ དགེ་བ་བསྒྲུབ་ནི་དང་ བསོད་ནམས་བསགས་ནི་གི་ དུས་ཆེན་ཁྱད་པར་ཅན་ཅིག་ལུ་ བྱིན་གྱིས་བརླབས་གནངམ་ལས་ དུས་ཆེན་འདི་ཁར་ དགེ་བ་ག་ཅི་སྒྲུབ་རུང་ བསམ་གྱིས་མི་ཁྱབ་པའི་ ཕན་ཡོན་ཡོདཔ་ཨིན་ཟེར་ རྒྱལ་བ་གོངམ་ཚུ་གིས་ གསུངསམ་ཨིན་པའི་གནས་ཚུལ།

Please follow and like us: