འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ མ་ཡན་མར་ དམག་སྡེའི་གཞུང་ལུ་ དམངས་གཙོའི་རིང་ལུགས་དེ་ ལོག་བཙུགས་དགོ་པའི་ནན་སྐུལ།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནིའོ་ ག་ཊར་རཱཛ་མཆོག་གིས་ མ་ཡན་མར་ དམག་སྡེའི་གཞུང་ལུ་ དེ་འཕྲལ་ལས་ དམངས་གཙོའི་རིང་ལུགས་དེ་ ལོག་སྟེ་ར་ བཙུགས་དགོ་པའི་ ནན་སྐུལ་མཛད་ནུག།
དེ་ཡང་ ཡོངས་ཁྱབ་དྲུང་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ མ་ཡན་མར་ རྒྱལ་ཁབ་ནང་ཡོད་མི་ ད་ལྟོའི་གནས་སྟངས་དེ་གིས་ ལུང་ཕྱོགས་ཀྱི་ ཞི་བདེ་ལུ་ཡང་ འཇིགས་སྐྲག་དང་ ཉེན་ཁ་འཐོན་ཏེ་ཡོད་ཟེར་ཨིན་པས།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ མ་ཡན་མར་ དམག་སྡེ་གིས་ ཞི་བའི་མི་སེར་གྱི་ གཞུང་སྐྱོང་འགོ་ཁྲིདཔ་ ཨམ་ཨང་སན་སུ་ཀི་དེ་ ཕྱིར་བཏོན་འབད་མི་དང་འབྲེལ་ཏེ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ཡང་ དམར་བསད་འབད་ནུག།
དེ་འབདཝ་ལས་ ཨེ་སེ་ཡན་ཟེར་མི་ ཤར་ལྷོ་ཨེ་ཤི་ཡ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ གནད་དོན་དེ་ གཙོ་ཅན་ཅིག་ལུ་ གྱུར་ཡོདཔ་ད་ ད་ཚུན་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྩོན་ཤུགས་བསྐྱེད་དེ་འབད་རུང་ གྲུབ་འབྲས་མེདཔ་ ཐོན་སོང་ཡི་ཟེར་ཨིན་པས།
དེ་མ་ཚད་ ཡོངས་ཁྱབ་དྲུང་ཆེན་མཆོག་གིས་ མ་ཡན་མར་གྱི་ དམག་སྡེའི་དབང་འཛིན་ཚུ་ལུ་ ཁོང་རའི་མི་སེར་གྱིས་ ཞུ་བ་འབད་མི་ལུ་ ཉན་ཐོག་ལས་ སྲིད་དོན་ཚོགས་པའི་ བཙོན་པ་ཚུ་ ལོག་བཏང་སྟེ་ མི་སེར་དམངས་གཙོའི་རིང་ལུགས་ དེ་འཕྲལ་ལས་ ལོག་བཙུགས་དགོཔ་ད་ ཞི་བདེ་རྩ་བརྟན་བཟོ་དགོཔ་དེ་ གལ་ཆེ་ལུགས་ཚུ་ གསུངས་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

Please follow and like us: