
རྡོ་རྗེ་དབང་ཕྱུག་དང་ ལྷག་པ་གྲུབ་པ།
དབང་འདུས་ཕོ་བྲང་རྫོང་འདི་ མེ་མཆོད་བཞེས་ཏེ་ ལོ་ངོ་ ༡༠ ལྷགཔ་ཅིག་གི་རྒྱབ་ལས་ ལོག་སྟེ་ར་ ཨ་རྟག་ག་ཨིནམ་སྦེ་ རི་གླངམོ་ཆེ་ཉལཝ་དང་འདྲ་བའི་ ལྷ་པའི་གུ་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ བཞེངས་ཡོདཔ་ཨིན་པས།
རྒྱལ་རབ་ཅན་གྱི་ དབང་འདུས་རྫོང་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ལོག་བཞེངས་ཡོདཔ་བཞིན་དུ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ བཀྲ་ཤིས་པའི་ དུས་སྟོན་གྱི་ཉིན་མར་ བཀྲིས་རབ་གནས་ མཛད་གནང་ཡི།
བཀྲིས་རབ་གནས་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨོ་རྒྱན་དབང་ཕྱུག་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ བཀྲིས་རབ་གནས་འདི་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༩ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ གྱི་རིང་ལུ་གནང་ནུག།
ཞབས་དྲུང་ལྷ་ཁང་ནང་སྦེ་ བཀྲིས་རབ་གནས་ཀྱི་ གསུང་ཆོག་གནངམ་དང་འབྲེལ་ཏེ་ རྫོང་གི་ངོ་ཚབ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་ དེ་ལས་ སྐྱབས་རྗེ་རིན་པོ་ཆེ་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཕུལ་ཡོདཔ་ཨིན་པས།
བཀྲིས་རབ་གནས་ཀྱི་ རྟེན་འབྲེལ་སྐབས་ལུ་ མི་རྗེ་བློན་ཆེན་དང་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ དེ་ལས་ འབྲེལ་ཡོད་ཆེ་མཐོའི་འགོ་དཔོན་དང་ དབང་འདུས་རྫོང་ཁག་གི་ མི་སེར་ཚུ་གིས་ གྲལ་གཏོགས་འབད་ནུག།
སྤྱི་ལོ་ ༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་མི་ རྒྱལ་རབས་ཅན་གྱི་ དབང་འདུས་ཕོ་བྲང་རྫོང་འདི་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ འབྲུག་ཤར་ནུབ་ཀྱི་བར་ན་ མཐུད་འབྲེལ་ཡོད་མི་ བདག་སྐྱོང་ལྟེ་བ་ཅིག་སྦེ་ བཞེངས་ཡོདཔ་ཨིན་པས།
རྫོང་འདི་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ མེ་མཆོད་བཞེས་པའི་སྐབས་ལུ་ ནང་རྟེན་བྱིན་ཅན་དང་ སྐུ་རྟེན་ལེ་ཤ་ཅིག་ར་ མེ་མཆོད་བཞེས་ཡོད་རུང་ ནང་རྟེན་རྩ་ཅན་ ལེ་ཤ་ཅིག་ དྲག་ཁག་ ༣ གྱི་ དམག་མི་དང་ བདེ་སྲུང་ དེ་ལས་ ཁས་བླངས་པ་ཚུ་གི་ རྒྱབ་བསྐྱོར་འབད་དེ་ ལོག་ཐོབ་ནུག།
མི་དབང་མངའ་ཞབས་མཆོག་གིས་ རྫོང་འདི་ རྐྱེན་ངན་ཚུ་ལས་ ཉེན་སྲུང་འབད་ཐབས་ལུ་ དེང་སང་གི་ མཐུན་རྐྱེན་དང་ འཕྲུལ་ཆས་ཚུ་ བཙུགས་ཐོག་ལས་ ཨ་རྟག་ག་ཨིནམ་སྦེ་ ལོག་སྟེ་ར་ བཞེངས་དགོ་པའི་ བཀའ་བརྒྱ་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༤ ལས་ ལཱ་འགོ་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་ ༢༠༠ ཡང་ གནང་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་རྫོང་འདི་་ ཧེ་མ་ རྫོང་ཡོད་སའི་ ས་གོ་ནང་ར་ རང་ལུགས་ཀྱི་ རྒྱུ་ཆས་དང་ གསར་རྙིང་གི་ ཐབས་ཤེས་ཚུ་ གཅིག་བསྒྲིལ་ཐོག་ལུ་ ལག་ལེན་འཐབ་སྟེ་ བཞེངས་ཡོདཔ་མ་ཚད་ ས་ཡོམ་གྱི་ གནོད་རྐྱེན་བཀག་ཐབས་ལུ་ དབུ་རྩེའི་གཞི་འགྱམ་ནང་ འགྱིར་རིལ་མཐུན་རྐྱེན་དང་ མེ་གསད་ནི་གི་ མཐུན་རྐྱེན་ཚུ་ མང་རབས་ཅིག་དང་ གློ་བུར་གྱི་ རྐྱེན་ངན་རེ་ འཐོན་པའི་སྐབས་ལུ་ རྫོང་གི་འོག་ལས་ མི་འཐོན་འགྱོ་སའི་ ལམ་ཡང་ཡོདཔ་ཨིན་པས།
རྫོང་འདི་ནང་ ཧེ་མ་ལས་ཡོད་མི་ ནང་རྟེན་བྱིན་ཅན་ཚུ་གིས་མ་དོར་བ་ མེ་མཆོད་བཞེས་པའི་ཤུལ་ལས་ མི་མང་གིས་ ཞལ་འདེབས་ཕུལ་ཐོག་ལས་ ནང་རྟེན་གསརཔ་ ལེ་ཤ་ཅིག་ར་ མཁོ་སྒྲུབ་འབད་ནུག།
དབང་འདུས་ཕོ་བྲང་ རྫོང་གསར་བཞེངས་ཀྱི་དོན་ལས་ ལོ་ལྔའི་འཆར་གཞི་ ༡༡ པ་དང་ ༡༢ པའི་ནང་ རྒྱ་གར་གཞུང་གི་ མཉམ་རུབ་ལས་འགུལ་གྱི་ འཆར་གཞི་ཅིག་སྦེ་ དངུལ་ཀྲམ་ཐེར་འབུམ་ ༡ བྱིན་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས ལོ་ ༨ ལྷགཔ་ཅིག་གི་རིང་ལུ་ རྫོང་གསར་བཞེངས་ཀྱི་ ལས་འགུལ་ནང་ ལཱ་འབད་མི་དང་ རྒྱ་གར་གཞུང་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ལུ་ དཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡི།
དེ་མ་ཚད་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་གིས་ བཀྲ་ཤིས་པའི་ རྟེན་འབྲེལ་ཆེ་བ་ལུ་གཟིགས་ཏེ་ རྫོང་གི་འཛུལ་སྒོའི་གདོང་ཁར་ ཙན་དན་ཤིང་ཅིག་ཡང་ བཙུགས་གནང་ཡོད་པའི་གནས་ཚུལ།





Users Today : 2844
Users Yesterday : 3959
This Month : 53608
This Year : 490601
Total Users : 1202417
Views Today : 4958
Total views : 3243465
Who's Online : 19