
ལྷག་པ་གྲུབ་བ།
རང་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་དང་བསྟུན་ཏེ་ བསམ་རྩེ་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༡༠ པ་ འཚོགས་གནངམ་ཨིན་པས།
སྤྱི་ལོ་ ༢༠༡༣ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷ་བབས་དུས་ཆེན་འདི་ཁར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ དྲིན་ཅན་ཨ་མའི་ཉིནམ་སྦེ་ཡང་ བརྩི་སྲུང་ཞུ་སྲོལ་ འགོ་བཙུགས་གནང་ཡོདཔ་བཞིན་དུ་ འབྲུག་མི་ཡོངས་ཀྱིས་ རང་སོའི་དྲིན་ཅན་ཨའི་ཚུ་ལུ་ བཀྲིན་དགའ་ཚོར་ ཞུ་ཡོདཔ་མ་ཚད་ སྐྱབས་རྗེ་མཆོག་གིས་ སྨོན་ལམ་ཆེན་མོར་འཛོམས་མི་ ཨའི་ཚུ་ལུ་ གསོལ་རས་ཚུ་ཡང་གནང་ནུག།
དེ་ཡང་ ནད་ཡམས་ཀྱི་ འཇིགས་པ་ཐོན་པའི་ཤུལ་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྨོན་ལམ་ཆེན་མོ་ གནང་མི་དེ་ འགོ་དང་པ་ཨིན་ཟེར་ གཞུང་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག།
སྨོན་ལམ་ཆེན་མོ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ གཏང་རག་གི་ ཚོགས་འཁོར་དང་བཅསཔ་སྦེ་ འགྲོལ་གནང་སྟེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ སྐུ་ངལ་གནང་བཞུགས་ནི་དང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༤ ལུ་ བསམ་རྩེ་རྒེད་འོག་ཁག་གི་ ལྷ་ཁང་ཚུ་ནང་ གཟིགས་སྐོར་གནང་ཐོག་ལས་ ཕྱག་འབྲུ་གནང་ནི་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ ཕུན་ཚོགས་གླིང་ སངས་རྒྱས་མི་འགྱུར་གླིང་ སྲས་མཁར་གཙུག་ལག་ཁང་ གསར་བསྒྲུབས་ལུ་ རབ་གནས་མཛད་དེ་ ཕྱི་རོ་ཁམས་ཅིག་ཁར་ དར་ལ་རིན་ཆེན་རྩེ་ ལྷ་ཁང་ནང་ ཆིབས་བསྐྱོད་གནང་ནི་ཨིན་པས།
དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལུ་ དར་ལ་རིན་ཆེན་རྩེའི་ ལོ་བསྟར་ཚེས་བཅུའི་ནང་ དབུ་བཞུགས་མཛད་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༨ ལུ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ ལོག་ཕེབས་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1401801
Views Today :
Total views : 5000
Who's Online :