
ཨེན་ཌི་ཊི་ཝི།
ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ མཇལ་ཕྲད་མཛད་པའི་སྐབས་ལུ་ ཡུ་ཀེའི་བློན་ཆེན་གྱིས་ རྒྱ་གར་ལས་ ཁྱད་ལཱ་འབད་མི་ཚུ་ ཡུ་ཀེ་ལུ་ ལཱ་འབད་བར་ འགྱོ་ནིའི་དོན་ལས་ ལོ་བསྟར་བཞིན་དུ་ འཛུལ་ཞུགས་ཆོག་ཐམ་ ༣,༠༠༠ རེ་ བྱིན་ནི་སྦེ་ ཁ་བཟེད་ནུག།
དེ་ཡང་ ན་ཧིང་ ཡུ་ཀེ་དང་ རྒྱ་གར་ ༢ ཀྱི་བར་ན་ མི་སེར་ཚུ་ གནས་སྤོ་དང་ སྒུལ་བསྐྱོད་ཀྱི་ མཉམ་འབྲེལ་ལས་འཆར་ཅིག་ བརྩམས་མི་དེ་ ཏན་ཏན་ཨིན་པའི་སྐོར་ལས་ གཙོ་རིམ་བཀོད་མི་ ལས་འཆར་དེ་ལུ་བརྟེན་ཏེ་ ཡུ་ཀེ་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་ ཁེ་ཕན་ཐོབ་མི་ རྒྱལ་ཁབ་དང་པ་དེ་ རྒྱ་གར་ཨིན་ཟེར་ བི་རི་ཊིཤ་གཞུང་གིས་ བཤད་ཡོདཔ་ཨིན་པས།
ད་རེས་ ཡུ་ཀེ་དང་ རྒྱ་གར་ ༢ ཀྱི་བར་ན་ཡོད་མི་ ན་གཞོན་ཁྱད་ལཱའི་ ལས་འཆར་དེ་ གཏན་འཁེལ་སོང་ཡོདཔ་ལས་ རྒྱ་གར་གྱི་ ཁྱད་ལཱ་འབད་མི་ མཐོ་རིམ་ཤེས་ཚད་ཅན་ སྐྱེས་ལོ་ ༡༨ ལས་ ༣༠ ཚུན་གྱི་བར་ན་འབད་མི་ཚུ་ ཡུ་ཀེ་ལུ་ དུས་ཡུན་ལོ་ངོ་ ༢ རེ་ ལཱ་འབད་བར་ འགྱོ་ཆོག་ནི་ཨིནམ་ད་ དེ་བཟུམ་སྦེ་ ལས་འཆར་དེ་གི་ཐོག་ལས་ ཡུ་ཀེའི་མི་སེར་ཚུ་ཡང་ རྒྱ་གར་ལུ་ འོང་ཆོག་ནི་ཨིན་པས།
ལས་འཆར་དེ་ རྒྱ་གར་དང་ ཡུ་ཀེའི་བར་ན་ ཟུང་ཕྱོགས་ཀྱི་ མཐུན་ལམ་གལ་ཅན་ཅིག་ཨིནམ་ད་ དེ་ཡང་ ཡུ་ཀེའི་ཁ་ཐུག་ལས་ རྒྱ་གར་དང་ པེ་སི་ཕིག་ ལུང་ཕྱོགས་ནང་ དཔལ་འབྱོར་བཙན་ཐབས་ལུ་ མཐུན་འབྲེལ་སྒྲིང་སྒྲིང་ བཟོ་ནི་གི་ ཁས་ལེན་ཅིག་ཨིན་ཟེར་བཀོད་ནུག།
ད་རེས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་གྲས་ལས་ བཞི་དཔྱ་གཅིག་གི་རྩིས་ རྒྱ་གར་ལས་ཨིནམ་ད་ རྒྱ་གར་གྱི་ མ་རྩ་གཞི་བཙུགས་དེ་གིས་ ཡུ་ཀེའི་ས་ཁོངས་ཚུ་ནང་ ལཱ་གཡོག་འབད་མི་ ༩༥,༠༠༠ དེ་ཅིག་ལུ་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་པས།
དེ་མ་ཚད་ ཡུ་ཀེ་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ བསྟུན་གྲོས་ཚུ་ཡང་ འབད་བའི་བསྒང་ཡོདཔ་ལས་ ཁ་འཆམ་འབྱུང་པ་ཅིན་ རྒྱ་གར་གྱིས་ ཡུ་རོབ་ཀྱི་ རྒྱལ་ཁབ་དང་གཅིག་ཁར་ དེ་བཟུམ་མའི་ འབྲེལ་བ་འཐབ་ནི་དེ་ འགོ་དང་པ་ འོང་ནི་ཨིན་པས།
ཚོང་འབྲེལ་སྒྲིག་ཆ་དེ་གིས་ ད་རེས་ཡོད་མི་ པ་འཱུན་ཐེར་འབུམ་ ༢༤ ཀྱི་ ཚོང་འབྲེལ་གུ་ ཡུ་ཀེ་ལུ་ རྒྱ་གར་གྱི་ ཡར་འཕར་ཅན་གྱི་ དཔལ་འབྱོར་ལས་ གོ་སྐབས་ འཐོབ་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1401915
Views Today :
Total views : 5000
Who's Online :