རྒྱལ་ཁབ་ནང་ ད་རུང་ཡང་ སྲིད་དོན་ཚོགས་པ་གསརཔ་ཅིག་ གཞི་བཙུགས་འབད་ནི་ལུ་གཏན་འཁེལ།

ཡིག་ཚང་ལས་བྱེདཔ།
རྒྱལ་ཁབ་ནང་ ད་རུང་ཡང་ སྲིད་དོན་ཚོགས་པ་གསརཔ་ཅིག་ གཞི་བཙུགས་འབད་ནི་ལུ་ གཏན་འཁེལ་སོང་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་པདྨ་ཚེ་དབང་གིས་ འགོ་ཁྲིད་ཐོག་ལུ་ གཞི་བཙུགས་འབད་ནི་ཨིན་པས།
ད་ཚུན་གྱི་རིང་ལུ་ ཚོགས་པ་དེ་གི་དོན་ལས་ འདེམས་ངོ་བརྒྱ་ཆ་ ༧༠ དེ་ཅིག་ གཏན་འཁེལ་སོང་ཡོདཔ་བཞིན་དུ་ ཚོགས་པའི་མིང་དང་ བཀའ་ཁྲིམས་ དེ་ལས་ དམིགས་ཡུལ་ཚུ་གི་ཐད་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་བའི་ཤུལ་ལུ་ གསལ་བསྒྲགས་འབད་འོང་ཟེར་ གནས་ཚུལ་ཅིག་ནང་བཀོད་ནུག།
དྲགོས་པདྨ་ཚེ་དབང་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་ནི་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ནིའི་དོན་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ ཡི་གུ་བཙུགས་ནི་ཨིན་པའི་སྐོར་ལས་ ཚོགས་པའི་འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
ཚོགས་པའི་གཙོ་རིམ་དེ་ ལུང་ཕྱོགས་འདྲ་མཉམ་དང་ གོ་སྐབས་འདྲ་མཉམ་ དེ་ལས་ གཞུང་སྐྱོང་དང་ དཔལ་འབྱོར་གཞི་སྒྱུར་གྱི་ མི་སྡེའི་ནང་ བཅར་མར་གཏོགས་ཏེ་ འཕྲུལ་རིག་དང་ འགོ་ཁྲིདཔ་ནུས་ཤུགས་ཅན་ བཟོ་ནི་དེ་ཨིན་ཟེར་བཀོད་ནུག།
དེ་ལས་ ཚོགས་པའི་ལམ་སྟོན་དང་ གཞི་རྩ་དེ་ཡང་ ཁྱིམ་གུང་ག་ར་ རྒྱལ་ཡོངས་དཔལ་འབྱོར་གཞི་རྟེན་སྦེ་ ངོས་འཛིན་ཐོག་ལུ་ གོང་འཕེལ་གཏང་ནི་ཨིནམ་ད་ ཚོགས་པ་དེ་གིས་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ཞིནམ་ལས་ མི་སེར་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་ཡང་ འབྲེལ་བ་འཐབ་ནི་གི་ ལས་འཆར་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ བཀང་ལུང་ལས་ཨིན་མི་ དྲགོས་པདྨ་ཚེ་དབང་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ནང་ལས་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་ཡོདཔ་མ་ཚད་ ཨཱཛ་ཊེ་ལི་ཡ་ རྒྱལ་ཡོངས་གཙུག་ལག་སློབ་སྡེའི་ནང་ལས་ དཔལ་འབྱོར་གོང་འཕེལ་གྱི་ ཤེས་ཡོན་ཡང་ སྦྱངས་ཡོདཔ་ད་ སྤྱི་ལོ་ ༡༩༩༡ ལུ་ ཞི་བའི་དམག་སྡེའི་ འགོ་དཔོན་སྦེ་ འཛུལ་ཞུགས་འབད་ནུག།
དེ་ལས་ སྤྱི་ལོ་ ༡༩༩༥ ལས་ ༡༩༩༩ ཚུན་ དངུལ་རྩིས་ལྷན་ཁག་ནང་ ཟུང་ཕྱོགས་དང་ སྣ་མང་གི་ འགོ་འཛིན་སྦེ་ ཕྱག་ཞུ་བའི་ཁར་ ཡུ་ཨེཛ་ཨེ་ ཝ་ཤིང་ཊཱོན་ལུ་ འཛམ་གླིང་དངུལ་ཁང་ནང་ཡང་ ལོ་ ༡ དེ་ཅིག་གི་རིང་ལུ་ ལཱ་འབད་ཡོདཔ་ཨིན་པས།
དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ ལྷན་ཚོགས་ནང་ འཆར་གཞི་གཙོ་འཛིན་དང་ དེ་གི་ཤུལ་ལས་ རྒྱལ་པོའི་གཟིམ་དཔོན་འོགམ་སྦེ་ ཕྱག་ཞུ་ནུག།
སྤྱི་ལོ་ ༢༠༡༤ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀབ་ནེ་འབུ་རས་དམརཔོ་ཡང་ གནང་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་སྐབས་ལུ་ ཤར་ཕྱོགས་ཀོ་ཝིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འགོ་འཛིན་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: