
འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་དེ་ ཕྱི་དངུལ་ཟུར་གསོག་གིས་ མ་ལང་པའི་ དཀའ་ངལ་བསལ་ནི་དང་ ས་གནས་ཀྱི་ གཙོ་རིམ་ལས་སྡེ་ གོང་འཕེལ་གཏང་ནི་ དེ་ལས་ ནང་འདྲེན་ཚུ་ གོ་སྐབས་ཡོད་པའི་ ནང་འཁོད་འཐོན་སྐྱེད་ཀྱིས་ ཚབ་འཛིན་འབད་ནི་དང་ ཅ་དམ་ཁྲལ་དང་ བཙོང་ཁྲལ་ སྔོ་ལྗང་ཁྲལ་བཅས་ཀྱི་ འཕྲི་སྣོན་ཚུ་ ནང་སྡེབས་འབད་ནིའི་དོན་ལུ་ཨིན་ཟེར་ དངུལ་རྩིས་ལྷན་ཁག་ལས་ བཤདཔ་ཨིན་པས།
ད་རེས་ གྲོས་འདེབས་ཕུལ་མི་ ཁྲལ་བསྐྱར་བཟོའི་ནང་ ཁྱབ་ཆེ་བའི་ གནད་དོན་ཚུ་གི་གྲས་ལས་ ཉེར་མཁོའི་ཅ་ཆས་དང་ སོ་ནམ་གྱི་མཐུན་རྐྱེན་ ནང་འཁོད་འཐོན་སྐྱེད་ མཐའ་འཁོར་གནས་སྟངས་ལུ་གནོད་མི་ འཐོན་སྐྱེད་དང་ འཕྲོད་བསྟེན་ སྣུམ་འཁོར་ དེ་ལས་ ཤའི་རིགས་དང་ རྩི་ས་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྒྱལ་ཚོགས་འདུའི་ནང་ དཔྱད་ཡིག་ངོ་སྤྲོད་ཕུལཝ་ད་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མའི་སྒོ་ལས་ ཉེར་སྤྱོད་ཅ་ཆས་ཀྱི་ ཁྲལ་ཕབ་ཆག་དང་ གནོད་ཉེན་ཡོད་མི་ འཐོན་སྐྱེད་ཚུ་གི་ ཁྲལ་ཡར་སེང་འབད་ནི་གི་ ཀུན་སློང་ཨིན་ཟེར་ཞུ་ནུག།
དེ་ཡང་ དཔྱེ་འབད་བ་ཅིན་ གནད་དོན་གཞན་གྱི་གྲས་ལས་ ཆུམ་དང་ དཀར་ ནག་ བྱཱོ་ལ་སོགས་པ་ཚུ་གི་ ཅ་དམ་དང་ བཙོང་ཁྲལ་ཚུ་ ཁྲལ་ཚད་ཀླད་ཀོར་སྦེ་ བཞག་ནི་དང་ ཏམ་ཁུའི་འཐོན་སྐྱེད་དང་ མངར་ཆུའི་འཐོན་སྐྱེད་ ནུ་ཌཱལཛ་ ནང་ཆས་ལ་སོགས་པ་ཚུ་ རྒྱལ་ཁབ་ནང་འཁོད་ལས་ བཟོ་བཏོན་འབད་ཚུགས་ནི་དེ་གིས་ ཁྲལ་ཡར་སེང་གི་ གྲོས་འཆར་ཕུལཝ་ཨིན་ཟེར་ཞུ་ནུག།
སྤྱི་ཟླ་ ༡༡ པའི་ཚེས་ ༡༦ དང་ ༡༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་ ལྷག་ཐེངས་ ༣ པའི་སྐབས་ལུ་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ བཙོང་ཁྲལ་ཡར་སེང་ལ་ལོ་ཅིག་ ངོས་ལེན་མ་གྲུབ་རུང་ ལ་ལོ་ཅིག་གི་ཐད་ཁར་ ངོས་ལེན་མཛད་ནུག།
ཚོགས་སྡེའི་ནང་ལས་ བྱ་ཤ་དང་ ཕག་ཤའི་བཙོང་ཁྲལ་ བརྒྱ་ཆ་ ༢༠ ལས་ ༤༠ གུ་ ཡར་སེང་འབད་ནི་གི་ གྲོས་འདེབས་ཕུལ་མི་དེ་ ངོས་ལེན་མ་གྲུབ་པར་ཡོདཔ་ད་ དེ་ཡང་ ཁྲལ་ཡར་སེང་དེ་གིས་ གོང་ཚད་ཡར་འཕར་ལུ་ ཤན་ཞུགས་ཏེ་ ཉེར་སྤྱོད་འབད་མི་ཚུ་ལུ་ དཀའ་ངལ་འབྱུང་ནི་ཨིནམ་ལས་ ད་རེས་ཡོད་མི་ བཙོང་ཁྲལ་བརྒྱ་ཆ་ ༢༠ དེ་གིས་ར་ འཐུས་ནི་ཨིན་པའི་ གསུང་གྲོས་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཏམ་ཁུའི་བཙོང་ཁྲལ་ བརྒྱ་ཆ་ ༡༠༠ ལས་ བརྒྱ་ཆ་ ༥༠ གུ་ ཕབ་དགོ་པའི་ གྲོས་འདེབས་དེ་ལུ་ཡང་ ངོས་ལེན་མ་གྲུབ་པར་ཡོདཔ་ད་ ཚོགས་ཆུང་གི་ཁྲི་འཛིན་ ཀུན་དགའ་དཔལ་འབྱོར་གྱིས་ གྲོས་འདེབས་དེ་ གཙོ་བོ་ར་ ནག་ཚོང་མར་ཕབ་ཀྱི་དོན་ལུ་ཨིནམ་སྦེ་ ཞུ་ཡོད་རུང་ ཚོགས་ཁང་ནང་ལས་ ཏམ་ཁུའི་བཙོང་ཁྲལ་དེ་ བརྒྱ་ཆ་ ༡༠༠ སྦེ་ར་ བཞག་ནི་སྦེ་ གྲོས་ཆོད་གྲུབ་ནུག།
སྒོ་ནོར་འཐོན་སྐྱེད་ ཨོམ་དང་ མར་ཚུ་གི་ཐད་ཁར་ཡང་ བཙོང་ཁྲལ་བརྒྱ་ཆ་ ༡༠ ལས་ ༥༠ གུ་ བཀལ་ནི་གི་ གྲོས་འདེབས་ཕུལ་མི་ལུ་ ངོས་ལེན་མ་གྲུབ་མི་དེ་ཡང་ རྒྱལ་ཁབ་ནང་འཁོད་ལས་འཐོན་མི་ ཨོམ་དང་ མར་ཚུ་ ལངམ་སྦེ་མེད་པའི་ཁར་ བཟའ་ཁང་ཚུ་ནང་ མར་དང་ དར་ཚིལ་གྱི་རིགས་གཞན་ཚུ་ཡང་ སྤྱོད་ནི་དེ་གིས་ཨིན་པས།
ཨིན་རུང་ སྒོང་རྡོག་གི་ཐད་ཁར་ རྒྱལ་ཁབ་ནང་ལས་ འཐོན་སྐྱེད་ལངམ་སྦེ་ར་ཡོད་ནི་དེ་གིས་ བཙོང་ཁྲལ་དེ་ བརྒྱ་ཆ་ ༥༠ གུ་ ཡར་སེང་འབད་ནི་ལུ་ ཞལ་འཆམས་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ རྩི་ས་དེ་ཡང་ ཁྱིམ་ཚང་རྒྱལ་ཁབ་ཚུ་གི་ནང་ཡང་ ཕྱིར་ཚོང་འཐབ་དོ་ཡོདཔ་ལས་ བཙོང་ཁྲལ་དེ་ བརྒྱ་ཆ་ ༡༥ ལས་ བརྒྱ་ཆ་ ༣༠ གུ་ ཡར་སེང་འབད་ནི་ལུ་ ཞལ་འཆམས་བྱུང་ནུག།
ཁྲལ་ཡར་སེང་གཞན་ཚུ་གི་གྲས་ལས་ གྱིབ་ཤོག་དང་ གསེར་ དངུལ་ འཕྲུལ་ཆས་སྦོམ་གྱི་རིགས་དང་ ཤིང་དང་ ལྕགས་ཀྱི་ནང་ཆས་ཚུ་གི་ ཁྲལ་བསྐྱར་བཟོ་ཚུ་ ཆ་འཇོག་གྲུབ་ནུག།
འབྲུག་གི་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།






Users Today : 1150
Users Yesterday : 3959
This Month : 51914
This Year : 488907
Total Users : 1200723
Views Today : 1578
Total views : 3240084
Who's Online : 16