
ལྷག་པ་གྲུབ་བ།
སྤྱི་ཟླ་ ༡༡ པའི་ཚེས་ ༢༦ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ ར་མེ་སྟོད་ལུ་ གསར་བཞེངས་འབད་མི་ སངས་རྒྱས་མི་འགྱུར་གླིང་ འབྲུག་མི་ལ་སྲས་མཁར་ གཙུག་ལག་ཁང་ལུ་ བཀྲིས་རབ་གནས་གནང་ནུག།
ཐོག་ཚད་ ༩ འབད་མི་ གཙུག་ལག་ཁང་གི་ ས་བླངས་རྟེན་འབྲེལ་དེ་ཡང་ སྤྱི་ལོ་ ༢༠༡༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མཛད་གནང་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༠༩ ལུ་ སྒོ་འབྱེད་རྟེན་འབྲེལ་ མཛད་གནང་མི་ བརྟན་འབྲུག་གྲྭ་ཚང་དེ་ བརྟན་འབྲུག་མདོ་སྔགས་ཆོས་གླིང་ དགོན་འཛིན་གྲྭ་ཚང་སྦེ་ མཚན་གསོལ་མཛད་གནང་པའི་ཁར་ དགོན་ཁང་ཅིག་ལུ་ཡང་ བཀྲིས་རབ་གནས་ མཛད་གནང་པའི་ཤུལ་ལུ་ ས་གནས་དེ་ཁར་འཛོམས་མི་ མི་སེར་ཚུ་ལུ་ ཚེ་དབང་ཅིག་ཡང་གནང་ནུག།
དེ་མ་ཚད་ དབང་འདུས་རྫོང་ཁག་ ཐེད་ཚོ་རྒེད་འོག་ལས་ སྐྱེས་ལོ་ ༤༣ འབད་མི་ བླམ་སངས་རྒྱས་མཁའ་འགྲོ་དེ་ གོ་གནས་ཡར་སེང་ཐོག་ལུ་ མཁན་པོ་སྦེ་ བསྐོ་བཞག་མཛད་དེ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་དཀར་སྦིས་ས་ལས་ སྐྱེས་ལོ་ ༢༦ འབད་མི་ སློབ་དཔོན་སངས་རྒྱས་དབང་ཕྱུག་དེ་ཡང་ མཁན་པོ་འོགམ་སྦེ་ བསྐོ་བཞག་མཛད་དེ་ བཀྲིས་ལེགས་དར་གནང་ནུག།
དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ བསམ་རྩེ་རྫོང་ཁག་གི་ སྨོན་ལམ་ཆེན་མོ་ ཐེངས་ ༡༡ པ་དེ་ དཔལ་ཡེ་ཤེས་མགོན་པོའི་ གཏང་རག་དང་བཅསཔ་སྦེ་ གྲོལ་གནང་སྟེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ ཚེ་དབང་གནང་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1407581
Views Today :
Total views : 5000
Who's Online :