
ལྷག་པ་གྲུབ་བ།
སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་ སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་གུ་ བསྐྱར་གྲོས་གནངམ་དང་འབྲེལ་ ཚོགས་བཞུགས་ནང་ཡོད་མི་ འཐུས་མི་ཡོངས་བསྡོམས་ ༤༢ ག་ར་གིས་ རྒྱབ་སྐྱོར་ཐོག་ལས་ ཆ་འཇོག་གྲུབ་ནུག།
དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ དོན་ཚན་གསརཔ་ ༡ བརྩིས་ཏེ་ དོན་ཚན་ ༡༢ བསྐྱར་ཞིབ་ཐོག་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ ཕུལ་བཏང་མི་ཚུ་གི་གྲས་ལས་ བརྒྱུད་འབྲེལ་གྱི་འཐུས་ རང་འཇགས་བཞག་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ ཆ་མེད་གནང་ཡོད་རུང་ དོན་ཚན་གཞན་མི་ཚུ་ག་ར་ ངོས་ལེན་མཛད་ཡོདཔ་ཨིན་པས།
དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ཁྲི་འཛིན་ སྒང་ཟུར་-སྨིན་རྗེའི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ རྩིས་ཁུངས་དང་སྦྲགས་ཏེ་ ཞུ་དོ་བཟུམ་འབད་བ་ཅིན་ སྤྱི་ཚོགས་ཀྱི་ འཐུས་མི་དང་ དྲང་ཁྲིམས་ལྷན་སྡེ་ སྐུ་སྒེར་ལྷན་ཚོགས་ དེ་ལས་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་གི་དོན་ལུ་ ལོ་བསྟར་བཞིན་དུ་ བརྒྱུད་འབྲེལ་གྱི་འཐུས་ དངུལ་ཀྲམ་ས་ཡ་ ༣༧ རེ་དང་ ས་གནས་གཞུང་གི་ ཁྲོམ་དཔོན་དང་ རྒཔོ་ དམངས་མི་ ཚོགས་པ་ཚུ་ལུ་ དངུལ་ཀྲམ་ ༣༠༠,༠༠༠ ལྷགཔ་རེ་འབདཝ་ད་ ཟམ་ཅིག་རྐྱབ་ནི་གི་ ཟད་འགྲོ་གནསཔ་མས་ཟེར་ཞུ་ཡི།
མ་གཞི་ ཧེ་མར་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་པའི་སྐབས་ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྒྱུད་འབྲེལ་གྱི་འཐུས་དང་ ཡོངས་འབྲེལ་གྱི་ གླ་ཡོན་ཚུ་ ཆ་མེད་བཏང་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
ཧེ་མར་འབད་བ་ཅིན་ བློན་ཆེན་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟད་འགྲོ་ངོ་མའི་ ཐོབ་ལམ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ དེ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་ལུ་ ཟླ་རིམ་དངུལ་ཀྲམ་ ༥,༠༠༠ རེ་ དེ་ལས་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ ཁྲི་འཛིན་དང་ ལྷན་འཛིན་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ ཟླ་རིམ་དངུལ་ཀྲམ་ ༢,༠༠༠ རེ་ཨིན་པས།
དེ་བཟུམ་སྦེ་ བློན་ཆེན་གྱི་ དྲུང་ཆེན་གཙོ་འཛིན་དང་ བརྒྱུད་འབྲེལ་མཁས་མཆོག་ སྐུ་སྒེར་དྲུང་ཆེན་ སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་ དངུལ་ཀྲམ་ ༡,༥༠༠ རེ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ དེ་དང་འདྲ་མཉམ་གྱི་ གོ་གནས་འཆང་མི་ཚུ་གི་ སྐུ་སྒེར་དྲུང་ཆེན་དང་ སྐུ་སྒེར་ལས་རོགས་ཚུ་ལུ་ བརྒྱུད་འབྲེལ་གྱི་འཐུས་ ཟླ་རིམ་དངུལ་ཀྲམ་ ༡,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
དེ་ལས་ གནས་གཞུང་གི་འགོ་ཁྲིདཔ་ ཁྲོམ་དཔོན་ཚུ་ལུ་ ཟླ་རིམ་དངུལ་ཀྲམ་ ༡,༠༠༠ རེ་དང་ རྒཔོ་ཚུ་ལུ་ དངུལ་ཀྲམ་ ༥༠༠ རེ་ དམངས་མི་དང་ ཚོགས་པ་ ཁྲོམ་སྡེའི་འཐུས་མི་ཚུ་ལུ་ དངུལ་ཀྲམ་ ༢༠༠ རེ་ ཐོབ་སྲོལ་ཡོད་མི་དེ་ མི་འཐོབ་ནི་ཨིན་པས།
དཔྱད་ཡིག་དེ་ བཀའ་འགྲོལ་གྱི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་ནི་ཨིནམ་ད་ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ སྤྱི་ཚོགས་ལྷན་བཞུགས་ འཚོགས་གནང་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1430824
Views Today :
Total views : 5000
Who's Online :