
ལྷག་པ་གྲུབ་བ།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྔོན་འགྲོའི་གློག་ཐོག་སྐད་སྒྱུར་གྱི་ རིམ་ལུགས་དང་ གློག་ཐོག་དཔེ་དེབ་ཚུ་ གསར་བཏོན་འབད་ཡོདཔ་མ་ཚད་ ཡིག་ཚང་ནང་འཁོད་ལུ་ རྫོང་ཁ་གློག་ཐོག་སྐད་སྒྱུར་གྱི་ རིམ་ལུགས་དེ་ཡང་ མོ་བཏབ་འབད་ཡོདཔ་ཨིན་པས།
དེ་ཡང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཕུན་ཚོགས་གླིང་ རིན་ཆེན་ལྡིང་ལུ་ཡོད་མི་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ ༢ མཉམ་འབྲེལ་ཐོག་ལས་ བཟོ་ཡོད་རུང་ རིམ་ལུགས་འདི་ ད་རེས་ མི་དམངས་ཀྱི་དོན་ལུ་ བཀྲམ་སྤེལ་མ་འབད་བར་ཡོད་ཟེར་ཨིན་པས།
ཌི་ཇི་ཊཱལ་འབྲུག་གཡུལ་ཟེར་མི་ དམིགས་བསལ་ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མཁོ་སྒྲུབ་འབད་དེ་ཡོད་མི་ གློག་གནས་སེ་བཱར་ (Server) ཇི་པི་ཡུ་ (GPU) འདི་ལུ་ རྫོང་ཁ་གོང་འཕེལ་ཚོགས་ཀྱིས་ བཟོ་སྟེ་ཡོད་མི་ རྫོང་ཁའི་གནས་སྡུད་ཚུ་ལུ་ སྦྱོང་བརྡར་བྱིན་དགོཔ་སྦེ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ནང་ལས་ ད་ཚུན་གྱི་ ནང་འཁོད་ལུ་ རྫོང་ཁའི་གནས་སྡུད་ ས་ཡ་གཅིག་ལྷགཔ་ཅིག་ བཟོ་ཡོད་མི་འདི་ ལག་ལེན་འཐབ་སྟེ་ སྐད་སྒྱུར་གྱི་ རིམ་ལུགས་དང་པ་འདི་ གསར་བཏོན་འབད་ནི་གི་ འཆར་གཞི་ཡོདཔ་མ་ཚད་ གཞན་ཡང་ ངག་ཐོག་ལས་ ཡིག་ཐོག་སྐད་སྒྱུར་དང་ ཡིག་ཐོག་ལས་ ངག་ཐོག་སྐད་སྒྱུར་གྱི་ རིམ་ལུགས་ཚུ་ཡང་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
སྐད་སྒྱུར་འདི་ ལེགས་ཤོམ་སྦེ་ རྐྱབ་ཚུགས་ནིའི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློ་གྲྭ་ ༢ ཀྱིས་ རྫོང་ཁའི་གནས་སྡུད་ ས་ཡ་ ༢ ལྷགཔ་ཅིག་ བཟོ་ནི་གི་ འཆར་གཞི་ཚུ་ཡང་ཡོདཔ་ཨིན་པས།
དེ་མ་ཚད་ རྫོང་ཁའི་རྩོམ་རིགས་ ཡར་རྒྱས་གཏང་ནིའི་དོན་ལུ་ གློག་ཐོག་དཔེ་དེབ་ ༣ ཡང་ དཔེ་བསྐྲུན་འབད་ཡོདཔ་ད་ དེ་ཡང་ བར་དོ་ཐོས་གྲོལ་དང་ སོ་ནམ་འཕྲུལ་ཆས་དང་འབྲེལ་བའི་ མིང་ཚིག་དཔེ་དེབ་ ༢ ཡང་ ཆོས་སྐད་དང་ ཨིང་སྐད་ནང་ལས་ རྫོང་ཁའི་ནང་ སྐད་སྒྱུར་འབད་བའི་ཁར་ རྫོང་ཁའི་ཞིབ་འཚོལ་ཐབས་ལམ་ དཔེ་དེབ་ཅིག་ཡང་ གསར་རྩོམ་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 103
Users Yesterday : 1379
This Month : 103
This Year : 228944
Total Users : 940760
Views Today : 200
Total views : 2739243
Who's Online : 7