ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ ཡུན་རིངམོ་སྦེ་ར་ འགོར་ནི་བཟུམ་ཅིག་ཡོད་པའི་ངོས་ལེན།

རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༨ ལུ་ ར་ཤི་ཡའི་སྲིད་འཛིན་ ཝེ་ལ་ཌི་མིར་ པུ་ཊིན་གྱིས་ ཁོང་གི་དམག་མི་ཚུ་ ཡུ་ཀེ་རེན་ལུ་ ཕྱད་མདའ་རྐྱབ་སྟེ་ དུས་ཡུན་རིངམོ་སྦེ་ར་ ལུས་ནི་བཟུམ་ཅིག་ཡོད་རུང་ ད་ལྟོ་ དམག་རྒྱབ་འབོད་བཀུག་གི་ དགོས་མཁོ་མེད་པའི་ ངོས་ལེན་འབད་ནུག།
སྲིད་འཛིན་པུ་ཊིན་གྱིས་ ཟླ་ངོ་ ༦ གི་ཧེ་མར་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཡོད་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་སྦེ་ བཤད་ནི་མེད་རུང་ ཁོ་ལུ་ དམ་ཚིག་བསྟེན་མི་ཚུ་དང་གཅིག་ཁར་ རྒྱང་མཐོང་ཐོག་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ཕྱད་མདའ་དེ་ ད་རུང་ཡང་ དུས་ཚོད་འགོར་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།
སྤྱི་ཟླ་ ༧ པ་ལས་ཚུར་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གི་ གདོང་ལེན་འབད་མ་ཚུགས་པར་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ས་གོ་ལས་ ར་ཤི་ཡའི་ དམག་མི་ཚུ་ ཚར་ལེ་ཤ་ཅིག་ར་ རྒྱབ་བཤུད་རྐྱབ་དགོཔ་ཐོན་ནུག།
ཡུ་ཀེ་རེན་དེ་ ནུབ་ཕྱོགས་ཁ་ཐུག་ལུ་ ཕྱོགས་ལྷུང་འབད་མི་ཨིནམ་ལས་ སྲུང་སྐྱོབ་ཀྱི་ ཉེན་ཁ་ཡོད་ནི་དེ་གིས་ ར་ཤི་ཡ་གིས་ སྤྱི་ཟླ་ ༢ པའི་ནང་ལས་ དམིགས་བསལ་གྱི་ དྲག་པོའི་དམག་སྡེ་ལག་ལེན་ཟེར་ ཡུ་ཀེ་རེན་དང་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ ཡུ་ཀེ་རེན་གྱི་ མཛའ་བཤེས་རྒྱལ་ཁབ་ཚུ་གིས་ ར་ཤི་ཡ་གིས་ དེ་བཟུམ་འབད་མི་དེ་ དབང་བཙོང་ཐོག་ལས་ ས་ཆ་བཙན་བཟུང་འབད་བའི་ རྟགས་མཚན་ཨིན་པས་ཟེར་ བཤད་དོ་ཡོདཔ་ཨིན་པས།
སྲིད་འཛིན་པུ་ཊིན་གྱིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ ཕྱད་མདའི་ཉེན་ཁ་དེ་ ཆེ་སུ་འཐོན་དོ་ཡོད་རུང་ དེ་བཟུམ་མའི་ མཚོན་ཆ་ལག་ལེན་དང་འབྲེལ་ཏེ་ ར་ཤི་ཡ་གིས་ དོན་མེད་ཀྱི་ ཉེན་བརྡ་མ་འབད་མི་དེ་ཡང་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་ཟེར་མི་ ག་ཅི་ཨིན་ན་ ཤེས་པའི་ཁར་ རྒྱལ་ཁབ་གཞན་ལས་ལྷག་པའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ མཚོན་ཆ་ཚུ་ཡོདཔ་སྦེ་ འཛམ་གླིང་ནང་ ངོམ་སྟོན་འབད་དགོཔ་ཡང་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: