རྒྱལ་ཡོངས་ཚོགས་ཐེངས་ ༨ པའི་ནང་ གྲུབ་འབྲས་སྦོམ་ཤོས་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་དཔྱད་ཡིག་ཆ་འཇོག།

ལྷག་པ་གྲུབ་བ།
སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༨ པ་ གྲོལ་སྟོན་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་ཡོདཔ་མ་ཚད་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱི་རྒྱལ་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
གྲོལ་སྟོན་རྟེན་འབྲེལ་སྐབས་ལུ་ གཞུང་སྐྱོང་ཚོགས་པའི་ ཁ་ཐུག་ལས་ ནང་སྲིད་བློན་པོ་ ཨྱོན་རྡོ་རྗེ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་ཚུ་གིས་ མི་དབང་ཞབས་ལས་ མི་སེར་ཚུ་ལུ་ མི་ཁུངས་ཀྱི་ སྐྱིད་སྡུག་དང་ དཔལ་འབྱོར་དང་ ཞི་གཡོག་ལེགས་སྒྱུར་གྱི་ ལམ་སྟོན་དང་ བཀའ་སློབ་བཟང་པོ་ཚུ་ གནང་ཡོདཔ་མ་ཚད་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་ལས་རིམ་ གཞི་བཙུགས་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ཡི།
དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ ཚོགས་ཐེངས་ ༨ པའི་ ལས་རིམ་ཚུ་གི་སྐོར་ལས་ གསལ་བཤད་ཞུ་བའི་ནང་གསལ་ ཚོགས་ཐེངས་འདི་ རྒྱལ་རབས་ཅན་ཅིག་ཨིན་པའི་ ཚོར་སྣང་བྱུང་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དཔལ་ལྡན་འབྲུག་པའི་ རྒྱལ་སྲུང་དཔྱད་ཡིག་ལུ་ གྲོས་བསྟུན་འབད་ནི་གི་ གོ་སྐབས་གནང་པའི་ཁར་ མི་དབང་མཆོག་གིས་ བཅའ་ཁྲིམས་ཀྱི་ བཀའ་གྲོལ་ཡང་ གནང་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ དགའ་བ་དང་ དཔའ་ཉམས་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ བཅའ་ཁྲིམས་དེ་ མི་དབང་ཞབས་ལས་ སྤྱིར་འབྲུག་པའི་མི་སེར་ཡོངས་དང་ དམིགས་བསལ་གྱིས་ ན་གཞོན་ཚུ་ལུ་ ག་ནི་བ་ རྩ་ཆེ་བའི་ གསོལ་རས་ཅིག་ཨིནམ་ལས་ ང་བཅས་ཀྱིས་ གསོལ་རས་དེ་ ཞུ་བའི་སྐབས་ལུ་ རྒྱལ་ཁབ་གོང་འཕེལ་གྱི་ འགྱུར་བ་དང་ བདེ་སྲུང་ ཞི་བདེ་དང་གཅིག་མཐུན་ མཛའ་བཤེས་མཐུན་འབྲེལ་དང་ རང་དབང་རང་བཙན་ ཡར་དྲག་གཏང་ནིའི་ནང་ སྔར་བ་ལྷགཔ་སྦེ་ ཕྱག་ཞུ་ཚུགས་ནི་གི་ གོ་སྐབས་བཟང་ཤོས་ཅིག་ཨིན་པས་ཟེར་ཞུ་ཡི།
ད་རེས་ རྒྱལ་སྲུང་ལས་འགུལ་དེ་ གྲུབ་འབྲས་ལེགས་ཤོམ་སྦེ་ར་ ཐོན་མི་དེ་གི་ རྒྱབ་སྣོན་སྦེ་ བཅའ་ཁྲིམས་ཆ་ཚང་ཅིག་ཡང་ གནང་མི་དེ་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་དབང་མངའ་ཞབས་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཚོགས་ཀྱི་ཧོངས་ལས་ རྒྱལ་ཁབ་དང་ མི་སེར་ལུ་ དགོས་མཁོ་ཆེ་བའི་ དཔྱད་ཡིག་ལེ་ཤ་ཅིག་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་མི་ཚུ་ལས་ གལ་ཆེ་ཤོས་ཅིག་ འབྲུག་གི་ཞི་གཡོག་ལེགས་སྒྱུར་དཔྱད་ཡིག་དང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་ གཞི་སྒྱུར་དཔྱད་ཡིག་ཚུ་ཨིན་ཟེར་ཞུ་ཡི།
དེ་མ་ཚད་ གཞུང་གིས་ ལེགས་སྒྱུར་གྱི་ལཱ་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ སྤྱི་ཚོགས་ནང་ འཕྲལ་མཁོའི་དཔྱད་ཡིག་སྦེ་ ངོས་ལེན་མཛད་དེ་ གསུང་གྲོས་གནང་ཐོག་ལས་ ཆ་འཇོག་གྲུབ་ཚུགས་མི་དེ་ཡང་ སྐལ་བ་བཟང་ཤོས་ཅིག་ཨིན་པའི་ ཡིད་ཆེས་བྱུང་ཡི་ཟེར་ཨིན་པས།
སྤྱི་ཚོགས་ལུ་ ཡིད་ཆེས་ཡོད་པའི་ གྲུབ་འབྲས་སྦོམ་ཤོས་གཞན་ཡང་ མི་ལོ་ ༣༠ དེ་ཅིག་འགྱོ་མི་ རྒྱུ་དངོས་ཁྲལ་གྱི་ སྲིད་བྱུས་དེ་ འབྲུག་གི་རྒྱུ་དངོས་ཁྲལ་གྱི་ དཔྱད་ཡིག་སྦེ་ གསུང་གྲོས་གནང་ནུག།
སྤྱི་ཚོགས་ ༣ པའི་ནང་ ཚོགས་ཁང་གོང་འོག་ ༢ ཀྱི་བར་ན་ མཐུན་འབྲེལ་དང་ མཉམ་འབྲེལ་ཚུ་ གང་དྲག་གི་སྒོ་ལས་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཁེ་ཕན་ཅན་གྱི་ བཅའ་ཁྲིམས་དང་ གྲོས་འདེབས་ཐོག་ལུ་ སྲིད་བྱུས་ཀྱི་ རྒྱབ་སྣོན་ལེ་ཤ་ཅིག་ར་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ བཀྲིན་ དགའ་ཚོར་ཡོད་ཟེར་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ འགོ་བཙུགས་མི་ ཚོགས་བཞུགས་དེ་ནང་ དཔྱད་ཡིག་གསརཔ་ ༥ གུ་ གསུང་གྲོས་གནང་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་ ༣ པའི་དོན་ལུ་ སྤྱི་ཚོགས་དེ་ མཐའ་མཇུག་ཨིན་པའི་གནས་ཚུལ།

Please follow and like us: