
གནམ་ལོ་ཆུ་སྟག་ཟླཝ་ ༡༠ པའི་ཚེས་ ༢༨ སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་འཁྲིལ་ཏེ་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འབྲེལ་ལས་ཁུངས་དེ་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་སྦེ་ གཞི་བཙུགས་གནང་ནུག།
དེ་ཡང་ འཕྲུལ་རིག་ལ་སྡེ་དེ་གིས་ རྒྱལ་ཁབ་ནང་ འབྲེལ་ཡོད་སྲིད་བྱུས་བརྩམ་ནི་དང་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ ཆ་འཇོག་འབད་ནི་ དེ་ལས་ འབྲེལ་ཡོད་ཁྲིམས་ལུགས་ཚུ་ ལག་ལེན་འཐབ་ནི་ཨིན་པའི་གུ་ བརྡ་དོན་དང་ བརྒྱུད་འབྲེལ་ འཕྲུལ་རིག་དང་འབྲེལ་བའི་ ལཱ་འགན་ཚུ་ཡང་ འབག་དགོཔ་ཨིན་པས།
དེ་མ་ཚད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འབྲེལ་ལས་ཁུངས་ཀྱི་མདོན་ཆེན་ འཇིགས་མེད་བསྟན་འཛིན་དེ་ཡང་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ དྲུང་ཆེན་ངོ་ཚབ་སྦེ་ བསྐོ་བཞག་འབད་ནུག།
འབྲུག་གཞུང་འཕྲུལ་རིག་ལས་སྡེ་འདི་ གཞུང་སྐྱོང་འོག་ལུ་ རང་སྐྱོང་ལས་སྡེ་ཅིག་ཨིནམ་ད་ དེ་ཡང་ འཕྲུལ་རིག་ལག་ལེན་འཐབ་སྟེ་ དོན་སྨིན་ཅན་དང་ འཇོན་ཚད་ཡར་དྲགས་གཏང་ནི་ཨིན་པའི་གུ་ མི་མང་ཞབས་ཏོག་ཚུ་ཡང་ མི་སེར་གྱི་ དགོས་མཁོ་ལུ་ གཞི་བརྟེན་ཐོག་ལས་ གཞི་སྒྱུར་འབད་ནི་དང་ འབྲུགཔ་ཚུ་གི་ ཨང་གནས་དཔལ་འབྱོར་དེ་ ཉེན་སྲུང་ཅན་དང་ ཡར་འཕེལ་ཅན་ བཟོ་ཐབས་ལུ་ཨིན་པས།
འགོ་འབྱེད་རྟེན་སྐབས་ལུ་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ ཕུན་ཚོགས་སྟོབས་རྒྱས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ ཚེ་རིང་གཡང་སྒྲོན་ཚུ་དང་ དེ་ལས་ གཞན་ཡང་ ལས་ཁུངས་ཁག་གི་ འགོ་འཛིན་ཚུ་དང་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1399840
Views Today :
Total views : 5000
Who's Online :