
ལྷག་པ་གྲུབ་བ་དང་ ནོར་བུ་བཟང་མོ།
སྤྱི་ཟླ་ ༡༡ པའི་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ ཤེས་ཡོན་སྦྱང་ནིའི་དོན་ལུ་ སྐྱིན་འགྲུལ་དེ་ ལོག་བྱིན་ཆོག་པའི་ གནང་བ་ཐོབ་པའི་ཤུལ་ལས་ འབྲུག་པི་ཨེན་བི་དངུལ་ཁང་དང་ འབྲུག་གི་དངུལ་ཁང་ འབྲུག་རྒྱལ་ཡོངས་དངུལ་ཁང་ ༣ གྱིས་ སྐྱིན་འགྲུལ་བྱིན་ནི་ འགོ་བཙུགས་ནུག།
དེ་ཡང་ ད་ཚུན་གྱི་བར་ན་ དངུལ་ཁང་ ༣ གྱི་ནང་ མི་གྲངས་ ༢,༤༠༠ ལྷགཔ་ཅིག་གིས་ ཤེས་ཡོན་སྐྱིན་འགྲུལ་གྱི་དོན་ལུ་ ཐོ་བཀོད་འབད་མིའི་གྲས་ལས་ ཟླ་ངོ་ ༡ གི་ ནང་འཁོད་ལུ་ར་ སྐྱིན་འགྲུལ་ལེན་མི་ མི་གྲངས་ ༡,༧༠༠ ལྷགཔ་ཅིག་ལུ་ དངུལ་ཀྲམ་ཐེར་འབུམ་ ༨ མ་ལངམ་ཅིག་ བྱིན་ཡོདཔ་ཨིན་པས།
སྐྱིན་འགྲུལ་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༡ ཚུན་ལུ་ འབྲུག་གི་དངུལ་ཁང་རྐྱངམ་གཅིག་གིས་ར་ མི་གྲངས་ ༡,༠༠༠ ལྷགཔ་ཅིག་ལུ་ དངུལ་ཀྲམ་ཐེར་འབུམ་ ༥ མ་ལངམ་ཅིག་ བྱིན་ཡོདཔ་ད་ དེ་ཡང་ མི་གྲངས་ ༧༠༠ ལྷགཔ་ཅིག་ལུ་ གཏའམ་ཡོད་པའི་ སྐྱིན་འགྲུལ་དང་ མི་གྲངས་ ༣༠༠ ལྷགཔ་ཅིག་ལུ་ གཏའམ་མེད་པའི་ སྐྱིན་འགྲུལ་བྱིན་ནུག།
དེ་བཟུམ་སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ མི་སྟོང་ཕྲག་སྦེ་ ཤེས་ཡོན་སྐྱིན་འགྲུལ་གྱི་དོན་ལས་ ཞུ་ཡིག་བཙུགས་ཡོད་མིའི་གྲས་ལས་ མི་གྲངས་ ༦༢༠ ལྷགཔ་ཅིག་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ དེ་ཅིག་ བྱིན་ཡོདཔ་ཨིན་པས།
དེ་ལས་ འབྲུག་པི་ཨེན་བི་ དངུལ་ཁང་གིས་ ད་ཚུན་གྱི་རིང་ལུ་ སྐྱིན་འགྲུལ་ལེན་མི་ ༣༧ ལྷགཔ་ཅིག་ལུ་ དངུལ་ཀྲམ་ས་ཡ་ ༡༢༣ ལྷགཔ་ཅིག་བྱིན་ནུག།
ག་དེ་སྦེ་ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གཏའམ་བཙུགས་དགོཔ་དང་ བཙུགས་མ་དགོ་པའི་ སྐྱིན་འགྲུལ་ཟེར་ དབྱེ་ཁག་ ༢ སྦེ་ བཟོ་ཡོད་མི་དེ་ཡང་ གཏའམ་བཙུགས་དགོ་པའི་ སྐྱིན་འགྲུལ་དེ་ དངུལ་ཀྲམ་ས་ཡ་ ༥ ཚུན་དང་ གཏའམ་བཙུགས་མ་དགོ་པའི་ སྐྱིན་འགྲུལ་དེ་ དངུལ་ཀྲམ་ས་ཡ་ ༣.༥ ཚུན་ བྱིན་ཆོགཔ་སྦེ་ཨིན་པའི་གནས་ཚུལ།



Users Today : 662
Users Yesterday : 1379
This Month : 662
This Year : 229503
Total Users : 941319
Views Today : 1505
Total views : 2740548
Who's Online : 7