
ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༥ ལུ་ སྤྱི་ལོ་ ༢༠༢༢ ཀྱི་ བྷུ་ཊཱན་པི་རི་མི་ཡར་ ཕུཊ་བཱོལ་ལིག་ འགྲན་བསྡུར་ནང་ལས་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ གཱོལ་ ༢ དང་ ཐིམ་ཕུ་སི་ཊི་ཨེཕ་སི་སྡེ་ཚན་གྱིས་ གཱོལ་ ༡ བཙུགས་ཏེ་ ཐིམ་ཕུ་སི་ཊི་ཨེཕ་སི་སྡེ་ཚན་དེ ཕམ་སོངཔ་ཨིན་པས།
སྡེ་ཚན་ ༢ ཀྱི་བར་ན་ རྩེད་འགྲན་དེ་ གནམ་མེད་ས་མེད་ དོ་འགྲན་ཅན་ཅིག་འབདཝ་ལས་ གནམ་དགུན་གྱང་པའི་དུས་ཚོད་ཨིན་རུང་ མི་སེར་སྟོང་ཕྲག་མ་ལངམ་ཅིག་ ལྟདམོ་བལྟ་བར་ འཛོམས་ཡོདཔ་མ་ཚད་ རང་ཕྱོགས་ཀྱི་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་དེ་ སྤྲོ་བ་ཆེ་ཏོག་ཏོ་གི་ རྩེན་འགྲན་ཅིག་སྦེ་ མཇུག་བསྡུ་ནུག།
སྐོར་ཐེངས་ ༡༨ རྩེད་འགྲན་འབདཝ་ད་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ སྡེ་ཚན་ ༡༥ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་ ༣ དང་གཅིག་ཁར་ རྒྱལ་ཕམ་ཕྱེ་མ་ཚུགསཔ་སྦེ་ ལུས་སོངཔ་མ་གཏོགས་ སྡེ་ཚན་གཞན་ ག་གིས་ཡང་ ཕམ་མ་ཚུགསཔ་ལས་ སྐུགས་ ༤༨ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
ཐིམ་ཕུ་སི་ཊི་དང་ སྤ་རོ་ཨེཕ་སི་སྡེ་ཚན་ ༢ ཀྱི་བར་ན་ བྱང་ཕྱད་ངོ་མ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༡༩ དང་ ༢༠༢༠ ལུ་ ཐིམ་ཕུ་སི་ཊི་གིས་ སྤ་རོ་ཨེཕ་སི་སྡེ་ཚན་དེ་ ཚར་ ༢ ཕམ་བཏང་སྟེ་ ཨང་དང་པ་ ཐོན་ཡོད་རུང་ སྤྱི་ལོ་ ༢༠༢༡ དང་ ༢༢ ལུ་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ལྷོ་ཨེ་ཤི་ཡ་ ཕུཊ་བཱོལ་ཚོགས་སྡེའི་ རྒྱལ་རྟགས་ཀྱི་དོན་ལུ་ རྩེད་འགྲན་འབད་ནི་གི་ གོ་སྐབས་ཐོབ་ནུག།
རྩེད་འགྲན་འབད་མི་ཚུ་ལུ་ གསོལ་རས་དེ་ཡང་ ཨང་ ༡༠ པ་ཚུན་ཚོད་ལུ་ བྱིན་ཡོདཔ་མ་ཚད་ འགྲན་བསྡུར་སྐབས་ལུ་ གཱོལ་མཐོ་ཤོས་བཙུགས་མི་ སྤ་རོ་ཨེཕ་སི་ལས་ ཀ་ཟའོ་ཧམ་མ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་ ༨༠,༠༠༠ དང་ དེ་བཟུམ་སྦེ་ རྩེད་འགྲན་ནང་ གཞོན་ཤོས་ཅིག་ཨིན་མི་ སཱན་ཊ་ཀུ་མར་ལིམ་བོ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་ ༣༠,༠༠༠ བྱིན་པའི་ཁར་ དེ་ལས་ གཞན་ཚུ་ལུ་ཡང་ དངུལ་རྐྱང་གི་ གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ ཀྱི་ བྷུ་ཊཱན་པེ་མི་ཡར་ ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ ཐིམ་ཕུ་སི་ཊི་ ཕམ་ཚུགས་མི་དེ་ སྤ་རོ་ཨེཕ་སི་མ་གཏོགས་ གཞན་ག་གིས་ཡང་ ཕམ་མ་ཚུགསཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1399808
Views Today :
Total views : 5000
Who's Online :