
ལྷག་པ་གྲུབ་བ།
རྒྱལ་ཁབ་ནང་ ཞི་གཡོག་ལེགས་སྒྱུར་ འགོ་བཙུགས་པའི་ ཉིན་མ་ལས་ ད་ཚུན་གྱི་བར་ན་ གྲུབ་འབྲས་སྦོམ་ཤོས་ཅིག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་སྦེ་ གཞི་བཙུགས་གནང་མི་ གསོ་བའི་ལས་སྡེ་འདི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འགོ་འབྱེད་མཛད་ཡོདཔ་ད་ རྒྱལ་ཡོངས་གསོ་བའི་ ཞབས་ཏོག་ལས་སྡེ་དེ་ རྒྱལ་ཁབ་ནང་ གསོ་བའི་སྨན་བཅོས་ཞབས་ཏོག་ འཛིན་སྐྱོང་དང་ བདག་སྐྱོང་འཐབ་ཐབས་ལུ་ཨིན་པས།
རྒྱལ་ཡོངས་གསོ་བའི་ ཞབས་ཏོག་ལས་སྡེ་འདི་ འབྲུག་བཟའ་སྤྱོད་དང་ སྨན་རིག་དབང་འཛིན་དང་ གསོ་བའི་ཞབས་ཏོག་གི་ ལས་ཁུངས་གསརཔ་སྦེ་ གཞི་བཙུགས་གནང་ནུག།
ཞབས་ཏོག་ལས་སྡེ་ འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ ལྷན་ཁག་ཉུང་སུ་སྦེ་ བཟོ་བའི་ཁར་ ལྷན་ཁག་དང་ འབྲེལ་བ་མེད་མི་ གཙུག་སྡེ་ ༡ ཡང་མེདཔ་སྦེ་ བཟོ་ཡོདཔ་མ་ཚད་ གཞི་གཡོག་ལེགས་སྒྱུར་དང་འབྲེལ་ཏེ་ ལས་ཁུངས་དང་ དབང་འཛིན་ཚུ་ཡང་ འབྲེལ་ཡོད་ལྷན་ཁག་ཚུ་དང་ མཉམ་བསྡོམས་འབད་ཡོད་རུང་ གསོ་བའི་སྨན་བཅོས་ཞབས་ཏོག་དེ་ གསོ་བའི་ལྷན་ཁག་ལས་ ཕྱིར་བཏོན་འབད་ཡི་ཟེར་ཨིན་པས།
ཧེ་མར་ ལག་ལེག་འཐབ་མི་ ལས་སྡེ་དང་ དབང་འཛིན་ཚུ་ སོ་སོར་ཡོདཔ་ལས་ གཙུག་སྡེ་ཅིག་གིས་ གྲུབ་འབྲས་བཏོན་དགོ་པ་ཅིན་ གཙུག་སྡེ་རེ་རེ་ལུ་ བཅའ་ཁྲིམས་རེ་ དགོས་མཁོ་ཡོད་པ་ལུ་བརྟེན་ཏེ་ ད་རེས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཐོག་ལས་ མཉམ་བསྡོམས་འབད་ཡི་ཟེར་ མི་རྗེ་བློན་ཆེན་མཆོག་གིས་ གསུངསམ་ཨིན་པས།
དེ་ལས་ སྨན་ཁང་དེ་ ནདཔ་ཚུ་དང་ འབྲེལ་བ་འཐབ་དགོ་པའི་ གཙུག་སྡེ་ཅིག་ཨིནམ་ལས་ མཁས་མཆོག་ཚུ་ གཞན་དང་མ་འདྲཝ་སྦེ་ དགོ་པའི་སྐོར་ལས་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ སླབ་ཅི་ཟེར་ཨིནམ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ཡར་དྲག་གཏང་ནིའི་སྐོར་ལས་ ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གསུང་གྲོས་གནང་པའི་སྐབས་ལུ་ ལེགས་སྒྱུར་ག་ཅི་ར་འབད་རུང་ གྲུབ་འབྲས་བཏོན་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ བཀྲིས་སྒང་ལས་ནདཔ་ཅིག་ གཡུས་ཁའི་སྨན་ཁང་ཆུང་བ་ལས་ མཁལ་རྡོག་དང་འབྲེལ་བའི་ ནད་གཞི་འདུག་ཟེར་ རྒྱལ་ཡོངས་གཙོ་རྟེན་སྨན་ཁང་ནང་ གཏང་པ་ཅིན་ མི་དེ་གི་སེམས་ཁར་ ཚ་གྱང་ལང་ནི་འདི་ ཉིནམ་དེ་ཁ་ལས་ འགོ་བཙུགས་འོང་ཟེར་ཨིནམ་ད་ སྨན་བཅོས་འབད་ཚུགས་ཚུགས་ལུ་ ཟླཝ་སྦེ་འགོར་ནི་ཨིནམ་ལས་ ད་ལས་ཕར་ ནདཔ་ཚུ་ལུ་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ སྨན་བཅོས་ཚུ་ ལེགས་ཤོམ་སྦེ་ ཕུལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་པའི་ནདཔ་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྨན་བཅོས་འབད་བར་ བཏང་པའི་སྐབས་ལུ་ ཟད་འགྲོ་ཉུང་ཤོས་ར་ དངུལ་ཀྲམ་ཐེར་འབུམ་སྦེ་ གནསཔ་མས་ཟེར་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ ད་རེས་ འཇིགས་མེད་རྡོ་རྗེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཙོ་འཛིན་དེ་གིས་ སྨན་ཁང་དེ་གི་འོག་ལུ་ཡོདམི་རྐྱངམ་གཅིག་ འཛིན་སྐྱོང་འཐབ་ཨིན་རུང་ ད་ལས་ཕར་ རྒྱལ་ཁབ་ཀྱི་ སྨན་བཅོས་ཞབས་ཏོག་ཚུ་ཡང་ བལྟ་དགོ་ཟེར་ཨིན་པས།
གསོ་བའི་ལས་སྡེའི་ ལེགས་སྒྱུར་དེ་ ལོ་ངོ་ ༣ གྱི་རིང་ལུ་ རྩ་འགེངས་ཏེ་ ལཱ་འབད་བའི་ གྲུབ་འབྲས་ཅིག་ཨིནམ་བཞིན་དུ་ ལེགས་སྒྱུར་དེ་གིས་ མི་སེར་ཚུ་ལུ་ དུས་ཚོད་ཁར་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་ཚུ་ བྱིན་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ མི་རྗེ་བློན་ཆེན་གྱིས་ གསུངསམ་ཨིན་པའི་གནས་ཚུལ།





Users Today : 690
Users Yesterday : 1379
This Month : 690
This Year : 229531
Total Users : 941347
Views Today : 1610
Total views : 2740653
Who's Online : 4