ཨཕ་གྷ་ནིཛ་ཏཱན་ལུ་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་ཕྱི་ཁར་ རང་སྲོག་བཅད་ཐོག་ལས་ རྫས་བམ་གས་བཅུག་ཡོདཔ།

ཨཱལ་ཇ་ཟི་ར།
ཨཕ་གྷ་ནིཛ་ཏཱན་གྱི་ རྒྱལ་ས་ཀ་བཱུལ་ལུ་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་ཕྱི་ཁར་ དོགས་པ་ཡོད་མི་ ཕོ་རྒས་ཅིག་གིས་ རང་སྲོག་བཅད་ཐོག་ལས་ རྫས་བམ་གས་བཅུག་མིའི་ནང་ མི་གྲངས་ ༢༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ དུས་ཅི་གི་ལོ་ནང་ར་ ཨཕ་གྷ་ནིཛ་ཏཱན་གྱི་ རྒྱལ་ས་ལུ་ དེ་བཟུམ་མའི་ རྫས་བམ་གས་བཅུག་མི་དེ་ ཐེངས་ ༢ པ་ཨིན་ཟེར་ ཏ་ལི་བཱན་གྱི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན་པས།
དེ་སྦེ་ རྫས་བམ་འབག་མི་དེ་གིས་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་ནང་ འཛུལ་ནི་གི་ དཔའ་བཅམ་ཡོད་རུང་ འཛུལ་མ་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ ཡིག་ཚང་གི་ ཕྱི་ཁར་གས་བཅུག་མི་ རྫས་བམ་དེ་གིས་ མི་གྲངས་ ༢༠ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་ཕྱི་ཁར་ སྲུང་སྐྱོབ་སྡེ་ཚན་ཚུ་གིས་ གྲོགས་རམ་ཐོག་ལས་སྟོན་མི་ ས་ཁོངས་ཀྱི་ དཔར་ཆས་ནང་ལས་ ས་ཁར་ཉལ་ཏེ་ཡོད་མི་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ ཡང་ཅིན་ རྨ་སྐྱོན་བྱུང་ཡོདཔ་སྦེ་མཐོང་ནུག།
ཀ་བཱུལ་ཁྲིམས་སྲུང་གཙོ་འཛིན་གྱི་མགྲིན་ཚབ་ ཁ་ལིད་ཟ་ཌན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ ཕྱི་རོའི་ཆུ་ཚོད་ ༤ དེ་ཅིག་ཁར་ རྪས་བམ་བཅུག་མི་ ས་ཁོངས་ནང་ སྲུང་སྐྱོབ་སྡེ་ཚན་ཚུ་ བཏང་སྟེ་ཡོདཔ་ད་ དེ་བསྒང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཨ་མི་རི་ཀཱན་ ཡུ་ནི་བར་སི་ཊི་ཨོཕ་ ཨཕ་གྷ་ནིཛ་ཏཱན་གྱི་ ལེགས་སྦྱར་བ་ ཨོ་བའི་དུ་ལ་ བ་ཧིར་གིས་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་གཅིག་མཚུངས་མེད་མི་དེ་ བྱ་སྟབས་མ་བདེ་བའི་ གཞི་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: