
ལྷག་པ་གྲུབ་བ།
སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ སྲིད་དོན་ཚོགས་པ་གསརཔ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལུ་ ཐོ་བཀོད་གྲུབ་པའི་ ལག་ཁྱེར་གནང་ཡོདཔ་ཨིན་པས།
དེ་ཡང་ ཚོགས་པ་དེ་གིས་ ན་ཧིང་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ ཐོ་བཀོད་ཀྱི་དོན་ལས་ ཞུ་ཡིག་ཕུལ་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཐོ་བཀོད་གྲུབ་མི་དང་བསྟུན་ཏེ་ རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་ ༦ ལུ་ ཡར་སེང་སོང་ནུག།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དེ་ གཞུང་འབྲེལ་ཐོག་ལུ་ ཐོ་བཀོད་གྲུབ་པའི་ ལག་ཁྱེར་ཐོབ་མི་དང་བསྟུན་ཏེ་ ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ བརྡ་བརྒྱུདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ཚུ་ག་ར་ ཟིན་བྲིས་བཏབ་ཚར་ཏེ་ཡོད་ཟེར་ཨིན་པས།
ཚོགས་པ་དེ་གི་མིང་ལུ་ རྟེན་འབྲེལ་ཟེར་ བཞག་ཡོད་མི་དེ་ཡང་ དུས་སྐབས་གསརཔ་ འགོ་བཙུགས་པའི་ རྟགས་མཚན་དང་ སྙིང་སྟོབས་ཅན་གྱི་ རྒྱལ་ཁབ་ལུ་ འཕོ་འགྱུར་འགྱོ་ནི་གི་ བརྡ་མཚོན་སྟོནམ་ཨིན་ཟེར་ དྲགོས་པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།
རྒྱལ་ཁབ་འདི་ སྔར་བ་ལྷགཔ་སྦེ་ ཡར་རྒྱས་གཏང་ནི་ལུ་ གཙོ་བོར་བཟུང་སྟེ་ ལཱ་འབད་ནིའི་དོན་ལས་ ངོས་ལེན་ཅན་གྱི་ སྲིད་ཚོགས་ཅིག་སྦེ་ གནས་ནི་དང་ བྱ་བ་བཟང་ངན་ག་ར་ རྒྱུ་རྐྱེན་ལུ་བརྟེན་ཏེ་ འབྱུངམ་བཞིན་དུ་ གྲུབ་འབྲས་མཐར་འཁྱོལ་ཅན་སྦེ་ འབྱུང་ཐབས་ལུ་ཨིན་ཟེར་ ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
ཚོགས་པའི་ལས་རྟགས་དེ་ གླངམོ་ཆེ་ཨིནམ་ད་ དེ་ཡང་ སྟོབས་ཤུགས་དང་ ཁྱད་ཆོས་ དེ་ལས་ བརྟན་ཏོག་ཏོ་ཡོད་པའི་ བརྡ་མཚོན་དང་ གླངམོ་ཆེ་ཚུ་ལུ་ ཤེས་རབ་ དང་ དྲན་ཤེས་ བློ་རིག་ཚུ་ ག་བ་ཡང་ དྲགཔ་སྦེ་ཡོད་པའི་ ཁྱད་ཆོས་ཚུ་ཡོད་དོ་བཟུམ་སྦེ་ ཚོགས་པ་དེ་གིས་ རྒྱལ་ཁབ་འདི་ ཕུན་སུམ་ཚོགས་ཏོག་ཏོ་ བཟོ་ཐབས་ལུ་ དམིགས་ཏེ་ཨིན་པས།
དྲགོས་པདྨ་ཚེ་དབང་གིས་ ཚོགས་པ་དེ་ནང་ ཤེས་ཚད་ཅན་དང་ ཉམས་མྱོང་ཅན་ ལོ་ཚད་ཀྱི་ཐད་ལུ་ཡང་ རྒན་གཞོན་བར་ ༣ ལྕོགས་གྲུབ་ཅན་དང་ འཇོན་ཐངས་ཅན་གྱི་ འདེམས་ངོ་ ༤༧ པོ་ག་ར་ གཏན་འཁེལ་སོང་ཡོདཔ་ལས་ རིམ་པ་བཞིན་དུ་ གསལ་སྟོན་འབད་འོང་ཟེར་ བཤདཔ་ཨིན་པས།
དེ་ལས་ འདེམས་ངོ་དག་པ་ཅིག་ ཞི་གཡོག་ནང་ཡོད་མི་ཚུ་ཡང་ འཕྲལ་མགྱོགས་ར་ དགོངས་ཞུ་འབད་འོང་ཟེར་ ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ བཤདཔ་ཨིན་པའི་གནས་ཚུལ།





Users Today : 689
Users Yesterday : 1379
This Month : 689
This Year : 229530
Total Users : 941346
Views Today : 1607
Total views : 2740650
Who's Online : 4