
པདྨ་དབང་འདུས།
སྤྱི་ཟླ་ ༡ པའི་ཚེས་ ༡༠ ལས་ ༡༣ ཚུན་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༡ པ་དེ་ རྒྱ་ནག་གི་ཁྲོམ་སྡེ་ ཀཱུན་མིང་ལུ་སྦེ་ ཚོགས་ཡོདཔ་ཨིན་པས།
དེ་བསྒང་ འབྲུག་གི་འཐུས་མི་སྡེ་ཚན་དེ་ འབྲུག་གི་རྒྱལ་སྤྱི་ས་མཚམས་དྲུང་ཆེན་ དྲག་ཤོས་ལས་འཕྲོ་སྟོབས་ལྡན་སྟང་སྦིས་ཀྱིས་ འགོ་ཁྲིད་འབད་ཡོདཔ་ད་ རྒྱ་ནག་གི་སྡེ་ཚན་དེ་ རྒྱ་ནག་ཕྱི་འབྲེལ་ལྷན་ཁག་འོག་གི་ ས་མཚམས་དང་ རྒྱ་མཚོའི་ལས་དོན་གྱི་ ཡོངས་ཁྱབ་མདོ་ཆེན་ ཧོང་ལི་ཡང་གིས་ འགོ་ཁྲིད་འབད་ནུག།
ཞལ་འཛོམས་དེ་ འབྲུག་དང་ རྒྱ་ནག་གི་ ས་མཚམས་ཀྱི་ འདུམ་འགྲིགས་མགྱོགས་དྲགས་དང་འབྲེལ་ཏེ་ གོ་རིམ་ ༣ གྱི་ མདུན་ལམ་བཀོད་དེ་ཡོད་མི་ གོ་དོན་ཆིངས་ཡིག་ ལག་ལེན་གྱི་སྐོར་ལས་ སྡེ་ཚན་ ༢ ཀྱི་བར་ན་ སྦ་གསང་མེད་པའི་ བསམ་འཆར་ཚུ་ མཛའ་མཐུན་གྱི་ གནས་རིམ་ཁར་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཤད་ཐོག་ལས་ མོས་མཐུན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ གོ་རིམ་ ༣ གྱི་ མདུན་ལམ་ཡོངས་རྫོགས་ སྟབས་གཅིག་ཁར་ ལག་ལེན་འཐབ་ནི་ལུ་ ཞལ་འཆམས་བྱུང་ཡོདཔ་མ་ཚད་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་དེ་ཡང་ ཤོ་ཐེངས་ཡར་སེང་ཐོག་ལས་ ལག་ལེན་འཐབ་ནི་དང་ འབྲུག་དང་ རྒྱ་ནག་གི་ ས་མཚམས་སྐོར་ལས་ གསུང་གྲོས་ཐེངས་ ༢༥ པ་དེ་ རྒྱལ་ཁབ་གཉིས་ཆ་ར་ལུ་ བྱ་སྟབས་བདེ་བའི་ དུས་ཚོད་ཁར་ གང་མགྱོགས་སྦེ་ འཚོགས་ནིའི་དོན་ལུ་ དོན་གཅོད་བརྒྱུད་ལམ་ཐོག་ལས་ འབྲེལ་བ་འཐབ་ནི་གི་ མོས་མཐུན་བྱུང་ནུག།
རྒྱ་ནག་གཞུང་གིས་ ལེགས་སྨོན་དང་ མཐུན་ལམ་གྱི་ རྟགས་མཚན་ལུ་ འབྲུག་རྒྱལ་ཁབ་ལུ་ མཁོ་ཆས་ཚན་པ་ཅིག་ བྱིན་མི་དེ་ལུ་ འབྲུག་གི་ཁ་ཐུག་ལས་ དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་མ་ཚད་ ཞལ་འཛོམས་སྐབས་ལུ་ སྡེ་ཚན་གཉིས་ཆ་ར་གིས་ སྤྲོད་ལེན་གྱི་ རྟེན་འབྲེལ་ཆུང་ཀུ་ཅིག་ཡང་ བརྩི་སྲུང་འབད་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།





Users Today : 1327
Users Yesterday : 3959
This Month : 52091
This Year : 489084
Total Users : 1200900
Views Today : 1853
Total views : 3240359
Who's Online : 16