
ནོར་བུ་ཟབང་མོ་དང་ ལྷག་པ་གྲུབ་པ།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༧ པ་ལས་ ༡༢ པ་ཚུན་ ཟླཝ་ ༦ གི་ ནང་འཁོད་ལུ་ རྒྱལ་ཁབ་ནང་ མི་ངོམ་ ༣༩ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ གསོ་བའི་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་ཡོདཔ་ད་ ནད་གཞི་ཐོབ་མི་ཚུ་ཡང་ སྐྱེས་ལོ་ ༢༥ ལས་ ༤༩ གི་བར་ན་འབད་མི་ མི་ངོམ་ ༢༣ དང་ སྐྱེས་ལོ་ ༥༠ ཡན་ཆད་འབད་མི་ ༡༣ སྐྱེས་ལོ་ ༢༥ མན་ཆད་འབད་མི་ ༣ ཨིནམ་ད་ དེ་ཡང་ ཕོ་སྐྱེས་ ༢༣ དང་ ཨམ་སྲུ་ ༡༦ ཨིན་པས།
ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ གསོ་བའི་བརྟག་དཔྱད་སྐབས་ལུ་ མི་ངོམ་ ༢༢ དང་ ནད་འབུབ་ཡོད་མི་ཚུ་དང་ འབྲེལ་བ་ཡོད་མི་ ༦ རང་སོའི་ཁས་བླངས་ཐོག་ལུ་ བསླབ་སྟོན་དང་ བརྟག་དཔྱད་འབད་མིའི་ནང་ལས་ ༨ ཨམ་སྲུ་ཨ་ལོ་ཆགས་མི་ཚུ་ བརྟག་དཔྱད་འབད་བར་འོང་མི་ ༢ དེ་ལས་ ཁྲག་གི་ཞལ་འདེབས་སྐབས་ལུ་ མི་ངོམ་ ༡ ངོས་འཛིན་བྱུང་ནུག།
དེ་བཟུམ་མའི་ ནད་འབུབ་ཐོབ་མི་ཚུ་ཡང་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་མ་འཐབ་པར་ ལུས་འབྲེལ་འབད་མི་ལས་ མི་ངོམ་ ༣༧ དང་ ཨའི་བརྒྱུད་དེ་ ཨ་ལོ་རྨས་སྐྱེས་ ༢ ལུ་ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡ པ་ལས་ ༦ པ་ཚུན་ལུ་ མི་ངོམ་ ༤༠ དང་ སྤྱི་ཟླ་ ༧ པ་ལས་ ༡༢ པ་ཚུན་ལུ་ མི་ངོམ་ ༣༩ འབདཝ་ད་ ལོ་དེ་ནང་ མི་ངོམ་བསྡོམས་ ༧༩ ལུ་ཨེཆ་ཨའི་ཝི་ ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་མི་དེ་ ད་ཚུན་གྱི་བར་ན་ ལོ་ ༡ གི་ནང་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་ ༡༩༩༣ ལུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོདཔ་སྦེ་ འགོ་དང་པ་ ངོས་འཛིན་བྱུང་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཕོ་ ༤༥༦ དང་ མོ་ ༤༡༨ འབདཝ་ད་ མི་ངོམ་བསྡོམས་ ༨༧༤ ལུ་ ཡར་སེང་སོང་ཡོདཔ་ད་ ད་རེས་ ཨེཆ་ཨའི་ཝི་ཐོབ་མི་ ༦༦༠ ལས་ ༦༤༡ ལུ་ ནད་གཞི་ཨེཌཝ་ལུ་ མི་འགྱུར་ནི་གི་ སྨན་བཅོས་འབད་བཞིན་དུ་ཡོདཔ་ད་ བརྒྱ་ཆ་ ༩༧ ལུ་ སྨན་བཅོས་ཀྱིས་ ཁྱབ་སྟེ་ཡོད་རུང་ མི་ངོམ་ ༡༧༨ ལུ་ ཤི་རྐྱེན་བྱུང་ནུག།
གསོ་བ་ལྷན་ཁག་གིས་ འབྲུག་ལུ་ ཨེཆ་ཨའི་ཝིའི་ དར་ཁྱབ་སྦོམ་མེད་རུང་ གཞུང་གི་ཁ་ཐུག་ལས་ བསླབ་སྟོན་དང་ བརྟག་དཔྱད་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ རྒྱལ་ཁབ་ནང་ མི་གྲངས་ ༡,༣༠༠ ལུ་ ནད་འབུབ་ཨེཆ་ཨའི་ཝི་ འཐོབ་ནི་ཨིན་པའི་ སྔོན་རྩིས་བཏོན་ཡོདཔ་ཨིན་པས།
ནད་འབུབ་ཐོབ་མི་དེ་ སྤྱི་ལོ་ ༢༠༡༩ ལུ་ བརྒྱ་ཆ་ ༤༧.༦ ལས་ ༣༢.༧ ལུ་ མར་ཕབ་འབད་ཡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༢ པའི་ནང་ སྤྱིར་བཏང་ནད་འབུབ་ཐོབ་མི་དེ་ བརྒྱ་ཆ་ ༡༤.༩ ལུ་ མར་ཕབ་འབད་ནུག།
གསོ་བ་ལྷན་ཁག་གིས་ ནད་འབུབ་ཨེཆ་ཨའི་ཝི་གི་ གནས་སྡུད་ཚུ་ ལོ་རེར་ཚར་ ༢ རེ་ གསལ་སྟོན་འབད་དོ་ཡོདཔ་ད་ ད་རེས་ མི་ངོམ་ ༧༩ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་མི་དེ་ མཐོ་ཤོས་ཨིན་མི་དེ་ཡང་ སྤྱིར་བཏང་ལུ་ ལོ་བསྟར་ནད་འབུབ་ཐོབ་མི་ ༥༥ དེ་རེ་ལས་ མ་ཐོནམ་ཨིན་པས།
གསོ་བའི་བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཨེཆ་ཨའི་ཝི་ཐོབ་མིའི་ གྱངས་ཁ་མངམོ་སྦེ་ ངོས་འཛིན་བྱུང་མི་དེ་ཡང་ མི་མང་གིས་ འགན་འཁྲི་འབག་ཐོག་ལས་ བརྟག་དཔྱད་འབད་བར་འོང་པའི་ བརྡ་མཚོན་འོང་ནི་མས་ཟེར་ཨིན་པས།
བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ཡང་ གསོ་བའི་མཐུན་རྐྱེན་ལྟེ་བ་ཚུ་ནང་ འཇམ་ཏོང་ཏོ་སྦེ་ ཐོབ་ཆོག་ཆོག་ཡོདཔ་ལས་ མི་སེར་ཚུ་གིས་ འགན་ཁུར་འབག་སྟེ་ བརྟག་དཔྱད་འབད་དགོ་པའི་ དྲན་བསྐུལ་འབད་བའི་ཁར་ མི་མང་ག་ར་ གཅིག་མཐུན་ཐོག་ལས་ སྤྱི་ལོ་ ༢༠༣༠ གི་ ནང་འཁོད་ལུ་ ནད་འབུབ་དེ་ རྩ་མེད་གཏང་ནི་ལུ་ཡང་ རྒྱབ་སྐྱོར་འབད་དགོ་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ཨ་ལོ་ཚུ་ལུ་ ནད་གཞི་འབུ་ནི་ལས་ རྩ་མེད་གཏང་ཐབས་ལུ་ ཨ་ལོ་ཆགས་པའི་ གནས་སྐབས་ནང་ བརྟག་དཔྱད་ཚར་ ༢ རེ་ འབད་དགོ་པའི་ཁར་ ད་རེས་ ནད་གཞི་ཐོབ་མི་ ཨམ་སྲུ་ཚུ་གིས་ ཨ་ལོ་སྐྱེ་ནི་གི་ འཆར་གཞི་ཡོད་པ་ཅིན་ ཨེཆ་ཨའི་ཝི་གི་ སྨན་བཅོས་དང་ ཞབས་ཏོག་གཞན་ཚུ་ཡང་ ལེན་དགོ་ཟེར་ཨིན་པས།
ནད་འབུབ་དེ་ སྔོན་འགོག་གི་དོན་ལུ་ ངོ་རྐྱང་ལས་ འགོ་བཙུགས་ཏེ་ འབྲེལ་ཡོད་ལས་སྡེ་དང་ གཞུང་མིན་ཚོགས་པ་ སྒེར་སྡེ་ དེ་ལས་ ནད་འབུབ་ཐོབ་མི་ག་ར་གིས་ འགན་ཁུར་འབག་དགོ་ཟེར་ཨིན་པས།
དེ་མ་ཚད་ ལུས་འབྲེལ་སྐབས་ལུ་ ཉེན་སྲུང་གི་ ཐབས་ལམ་སྟོན་དགོ་པའི་ཁར་ སྨྱོ་རྫས་ཀྱི་ སྨན་ཁབ་ལག་ལེན་འཐབ་ནི་ལས་ འཛེམ་ནི་དང་ རང་གི་བཟའ་གྲོགས་ལུ་ དམ་ཚིག་བསྟེན་ནི་ དེ་ལས་ ཕོ་མཚན་ཤུབས་ཚུ་ཡང་ ཚུལ་མཐུན་སྦེ་ ལག་ལེན་འཐབ་པ་ཅིན་ ནད་གཞི་དེ་ འཐོབ་ནི་ལས་ བཀག་ཐབས་འབད་ཚུགས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1399695
Views Today :
Total views : 5000
Who's Online :