
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྔ་འགྱུར་རྙིང་མའི་ ཆོས་བརྒྱུད་འཛིན་མི་ཚུ་གིས་ བོད་མིའི་ཆོས་ཀྱི་དབུ་ཁྲིད་ སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་ལུ་ རྒྱ་གར་རྡོ་རྗེ་གདན་ དཔལ་ཡུལ་རྣམ་གྲོལ་གླིང་དགོན་པ་ལུ་སྦེ་ བརྟན་བཞུགས་ཕུལ་ནུག།
དེ་གི་ཧེ་མར་ སྤྱི་ཟླ་ ༡ པའི་ཚེས་ ༡༢ ལས་ ཉིན་གྲངས་ ༧ གྱི་རིང་ལུ་ རྡོ་རྗེ་གདན་ རྣམ་གྲོལ་གླིང་གཙུག་ལག་ཁང་ནང་སྦེ་ རྣམ་གྲོལ་གླིང་གྲྭ་ཚང་གི་ དགེ་འདུན་པ་ཚུ་གིས་གཙོས་པའི་ དགོན་སྡེ་ཁག་གི་ དགེ་སློང་ཚུ་གིས་ གཏེར་ཆེན་རཏྣ་གླིང་པའི་ ཚེ་སྒྲུབ་གསང་འདུས་ཀྱི་ གསུང་ཆོག་གནང་ཡོདཔ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྐྱབས་མགོན་རིན་པོ་ཆེ་མཆོག་ རྡོ་རྗེ་གདན་ དགའ་ལྡན་འཕེལ་རྒྱས་གླིང་ལས་ དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་ ཆིབས་བསྐྱོད་གནང་པའི་སྐབས་ལུ་ རྙིང་མའི་བླ་ཆེན་ཁག་གིས་ དབུ་གཙོས་པའི་ རྣམ་གྲོལ་གླིང་གྲྭ་ཚང་གི་ དགེ་འདུན་པ་ཚུ་དང་ རྙིང་མའི་ཆོས་བརྒྱུད་འཛིན་མི་ཚུ་གིས་ ཁ་དར་དང་ སྤོས་ཀྱི་དྲི་ངད་དང་བཅས་པའི་ ཕེབས་བསུ་ཞུ་ཐོག་ལས་ རྣམ་གྲོལ་གླིང་ གཙུག་ལག་ཁང་ནང་ གདན་འདྲེན་ཞུ་ནུག།
དེ་ལས་ བརྟན་བཞུགས་དངོས་གཞི་དེ་ བརྟན་བཞུགས་ཀྱི་ རྡོ་རྗེ་སློབ་དཔོན་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ མཇལ་དར་ཕུལ་བའི་ཤུལ་ལུ་ ཞལ་འདོན་རྒྱུན་ཆགས་གསུམ་པ་དང་ ཚིག་བདུན་གསོལ་འདེབས་ལ་སོགས་པ་ཚུ་ གནང་ཡོདཔ་མ་ཚད་ གསོལ་ཇ་འབྲས་སེར་ཚུ་ཡང་ དྲངས་པའི་ཤུལ་ལས་ ཁྲུས་གསོལ་དང་ མཆོད་པ་བྱིན་རླབས་ རིགས་ལྔའི་མཁའ་འགྲོ་སོ་སོའི་ མདོག་མཐུན་གྱི་ དར་སྣ་བཟུང་སྟེ་ བཞུགས་ཁྲིའི་སྐུ་མདུན་ལུ་ ཕུལ་ཐོག་ལས་ ཆོ་གའི་ཚིག་དང་བསྟུན༌ཏེ༌ དར༌ཐག༌བསྡུ༌ཞིནམ་ལས༌ མཁའ་འགྲོ་མ་ཚུ༌ ཕྱོགས་སོ་སོར་ བྱོན༌ཡོདཔ་ཨིན་པས།
དེ༌བཟུམ༌སྦེ༌ སྐུ་གླུད་བསྐྱུར་ཞིནམ་ལས༌ བརྟན་བཞུགས་ཀྱི་ གསུང༌ཆོག་ཚུ༌ རིམ་པ་བཞིན་དུ་ གནངམ་དང་འབྲེལ་ཏེ་ རྡོ་རྗེ་སློབ་དཔོན་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་ ཚེ་བུམ་དང་ ཆེ་ཆང་ ཚེ་རིལ་ ཚེ་དར་ཚུ་ ཕུལ་བའི་ཤུལ་ལས་ མཁན་པོ་ཀུན་བཟང་བདེ་ཆེན་གྱིས་ མཎྜལ་གྱི༌ བཤད་པ་དང་བཅས༌པའི༌སྒོ༌ལས༌ མཎྜལ་ཚོམ་བུ་ ཕུལ༌ཡོད་པའི་གནས་ཚུལ།






Users Today : 736
Users Yesterday : 6933
This Month : 65105
This Year : 293946
Total Users : 1005762
Views Today : 7626
Total views : 2924043
Who's Online : 6