ཡུ་ཨེཛ་དང་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ གོ་མཚོན་སྟོབས་ཤུགས་ཅན་ཚུ་ བྱིན་ནི་གི་ཁས་ལེན།

བི་བི་སི།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མཚོན་ཆ་ཁ་སྐོང་དགོ་པའི་ ནན་བསྐུལ་འབད་མི་ལུ་ རྒྱལ་ཁབ་མང་ཤོས་ཅིག་གིས་ར་ ངོས་ལེན་འབད་ནུག།
དེ་ཡང་ ཡུ་ཨེཛ་གིས་ ཌོ་ལར་ཐེར་འབུམ་ ༢.༥ གནས་མི་ དམག་འཁོར་དང་ མཁའ་དབྱིངས་སྲུང་སྐྱོབ་རིམ་ལུགས་ཚུ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཡུ་རོབ་རྒྱལ་ཁབ་ དག་པ་ཅིག་གིས་ཡང་ རང་སོའི་མཚོན་ཆ་ཚུ་ བཏང་ནི་སྦེ་ཨིནམ་བཞིན་དུ་ ཡུ་ཀེ་གིས་ མི་ཛ་ཡེལ་ཟེར་མི་ གོ་མཚོན་ཚུ་ བརྒྱ་ཕྲག་ལས་བཅད་དེ་ བྱིན་ནི་ཨིན་པའི་ ཁས་ལེན་འབད་ནུག།
སྤྱི་ཟླ་ ༡ པའི་ཚེས་ ༡༩ ལུ་ ཨེཛ་ཊོ་ནི་ཡའི་ དྲག་པོའི་དམག་སྒར་ནང་ གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱལ་ཁབ་ ༡༡ གི་ ངོ་ཚབ་ཚུ་ཡོདཔ་ད་ དེ་བསྒང་ ཡུ་ཀེ་རེན་གྱིས་ ར་ཤི་ཡ་གིས་ བཙན་འཕྲོག་འབད་དེ་ཡོད་མི་ ས་ཁོངས་ཚུ་ ལོག་ལེན་ནི་གི་ རྒྱབ་སྐྱོར་ལུ་དང་ ར་ཤི་ཡ་གིས་ ཡང་བསྐྱར་བཙན་འཛུལ་འབད་ནི་མེདཔ་སྦེ་ བཞག་ཐབས་ལུ་ མཚོན་ཆའི་རིགས་ཚུ་ ད་རུང་ཡང་ བྱིན་ནིའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
ད་ཚུན་གྱི་རིང་ལུ་ ཡུ་ཀེ་དང་ པོ་ལེན་ ལཱཊ་བི་ཡ་ ཌེན་མཱག་ ཟེག་རི་པབ་ལིག་ ཨེཛ་ཊོ་ནི་ཡ་ ནེ་དར་ལེནཛ་ དེ་ལས་ སི་ལོ་བ་ཀི་ཡ་ཚུ་འབདཝ་ད་ རྒྱལ་ཁབ་ ༩ གིས་ རྒྱབ་སྐྱོར་ཁ་སྐོང་བྱིན་ནི་གི་ ཁས་ལེན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: