
ཡིག་ཚང་ལས་བྱེདཔ།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ལེགས་སྒྱུར་གྱི་ བཅའ་ཁྲིམས་དང་འཁྲིལ་ཏེ་ གཞུང་གི་ལྷན་ཁག་ ༡༠ ལས་ ལྷན་ཁག་ ༩ ལུ་ མར་ཕབ་འབད་ཡོདཔ་ལས་ བློན་པོ་ ༡ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་དགོ་པའི་ གནད་ལུ་བརྟེན་ཏེ་ བློན་ཆེན་དང་ བློན་པོ་གཞན་ ༤ གིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ནི་གི་ ཡི་གུ་བཙུགས་ནུག།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་ཡོདཔ་ད་ དེ་སྦེ་ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་ནི་ལུ་ དང་འདོད་བསྐྱེད་མི་ཚུ་ཡང་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ ནང་སྲིད་བློན་པོ་ ཨོ་རྒྱན་རྡོ་རྗེ་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་བློན་པོ་ ཡེ་ཤེས་དཔལ་འབྱོར་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཚུ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ བློན་པོ་ཚུ་གི་གྲས་ལས་ ༡ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་དགོཔ་བཞིན་དུ་ བདུན་ཕྲག་ ༣ གྱི་ཧེ་མར་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་གནང་ཡོད་རུང་ ད་ཚུན་གྱི་བར་ན་ བློན་པོ་ག་ཟེར་མི་འདི་ དགོངས་ཞུ་འབད་ནི་ཨིན་ནའི་སྐོར་ལས་ གྲོས་ཐག་བཅད་མ་ཚུགས་ཟེར་ཨིན་པས།
བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་ནི་གི་ དང་འདོད་བསྐྱེད་མི་ བློན་པོ་ཚུ་གིས་ དགོངས་ཞུ་འབད་དགོ་པའི་ གནད་དོན་ཚུ་ ཡིག་ཐོག་ལུ་བཀོད་དེ་ བཙུགས་ཡོདཔ་ལས་ གདམ་ཁ་རྐྱབ་ནི་དེ་ ལཱ་ཁག་ཅིག་གི་ གནས་སྟངས་ལུ་ འགྱུར་ཏེ་ཡོད་ཟེར་ མི་རྗེ་བློན་ཆེན་གྱིས་ གསུངསམ་ཨིན་པས།
ག་དེ་སྦེ་ཨིན་རུང་ བློན་པོ་དགོངས་ཞུའི་སྐོར་ལས་ འཕྲལ་མགྱོགས་ར་ གྲོས་ཐག་བཅད་ནིའི་དོན་ལུ་ ད་ལྟོ་ བློན་པོ་ ༤ དང་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ བློན་པོ་དགོངས་ཞུའི་ མིང་ཐོ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཕུལ་འོང་ཟེར་གསུངས་ཡི།
ཞི་གཡོག་ལེགས་སྒྱུར་གྱི་ བཅའ་ཁྲིམས་ ༢༠༢༢ ཅན་མ་དེ་ གནམ་དགུན་གྱི་ སྤྱི་ཚོགས་ནང་ འཕྲལ་མཁོ་ཅན་གྱི་ དཔྱད་ཡིག་སྦེ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་པའི་ཤུལ་ལས་ འབྲུག་རྒྱལ་པོ་མཆོག་གིས་ ན་ཧིང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ བཀའ་གྲོལ་གནང་ནུག།
བཅའ་ཁྲིམས་དེ་ནང་ གཞུང་གི་ལྷན་ཁག་ཚུ་ཡང་ སོ་ནམ་དང་ སྒོ་ནོར་ལྷན་ཁག་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་ལྷན་ཁག་ དངུལ་རྩིས་ལྷན་ཁག་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ གསོ་བའི་ལྷན་ཁག་ ནང་སྲིད་ལྷན་ཁག་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་འབདཝ་ད་ ལྷན་ཁག་ ༩ ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1389191
Views Today :
Total views : 5000
Who's Online :