
ནོར་བུ་བཟང་མོ།
ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་ ༡༡༣ གྱི་ནང་ འབྲུག་མི་ ༣༢,༢༥༨ དེ་ཅིག་ཡོད་མིའི་གྲས་ལས་ མང་ཤོས་ར་ ཨཱཛ་ཊེ་ལི་ཡ་ལུ་ ༡༠,༩༡༡ ཡོདཔ་ད་ དེ་ལས་ རྒྱ་གར་ལུ་ ༩,༥༡༩ དང་ ཀུ་ཝེཊ་ལུ་ ༣,༡༨༤ ཡོད་ཟེར་ཨིན་པས།
དེ་ཡང་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ནང ཐོ་བཀོད་འབད་མི་ཚུ་ཨིནམ་ད་ ཐོ་བཀོད་ཀྱི་ ལམ་ལུགས་དེ་ སྤྱི་ལོ་ ༢༠༢༠ ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་ཤུལ་ལས་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ ཆ་རོགས་འབད་ནིའི་དོན་ལས་ འགོ་བཙུགས་ནུག།
མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་མི་ལེ་ཤ་ཅིག་ དེ་སྦེ་ ཕྱི་རྒྱལ་ལུ་ འགྱོ་མི་དེ་ གོ་སྐབས་ལེགས་ཤོམ་འཚོལ་ཏེ་ འགྱོཝ་མ་ཚད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ཞི་གཡོག་ལེགས་བསྒྱུར་དང་ ལེགས་བཅོས་ཀྱི་ ལས་སྣ་ཚུ་ འགོ་བཙུགས་ནི་དེ་གིས་ཡང་ འོང་ནི་མས་གསུངས་ཡི།
འབྲུག་མི་ཚུ་ ཕྱི་རྒྱལ་ལུ་ འགྱོ་ནི་ལས་ བཀག་ནིའི་དོན་ལུ་ གཞུང་གིས་ ཕྱག་ལཱ་ག་ཅི་ར་ མཛད་དོ་ག་ཟེར་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ དྲི་བ་ཞུ་བའི་ལན་ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་མི་ཚུ་ ཕྱི་རྒྱལ་ཁབ་ལུ་ འགྱོ་ནི་ལས་ བཀག་ནི་གི་ ཐབས་ལམ་གཙོ་བོ་ར་ ལེགས་བཅོས་ཀྱི་ ལཱ་ཚུ་ཨིན་ཟེར་གསུངས་ཡི།
དེ་འབདཝ་ལས་ ཧེ་མར་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ ལོག་འཛུལ་མ་ཆོགཔ་སྦེ་ཡོད་མི་ ཞི་གཡོག་བཅའ་ཁྲིམས་འདི་ ལེགས་བཅོས་འབད་དེ་ ད་ལས་ཕར་ མི་ག་ར་གིས་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་དང་བསྟུན་པའི་ ཞི་གཡོག་ནང་ ལོག་སྟེ་ར་ འཛུལ་ཆོགཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་ སྤྱི་ལོ་ ༢༠༢༡ དང་ ༢༠༢༢ ཀྱི་ ནང་འཁོད་ལུ་ར་ འབྲུག་མི་ལེ་ཤ་ཅིག་ ཕྱི་རྒྱལ་ལུ་ འགྱོ་ནི་དེ་གིས་ ཚ་གྱང་ལང་དགོཔ་ ཐོན་ཡོད་རུང་ ལོ་ ༤ དང་ ༥ གི་རྒྱབ་ལས་ འབྲུག་ལུ་ ལོག་འོང་མི་དང་ ཕྱི་རྒྱལ་ལུ་འགྱོ་མིའི་ ཚད་གཞི་དེ་ ཚད་སྙོམ་འགྱོ་འོང་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་ ༢༠༢༤ གི་ཤུལ་ལས་ཡང་ ད་རེས་ནངས་པར་བཟུམ་སྦེ་ར་ འབྲུག་མི་ཚུ་ ཕྱི་རྒྱལ་ཁབ་ལུ་ འཕྲོ་མཐུད་དེ་ར་ འགྱོ་བ་ཅིན་ ཚ་གྱང་ལང་དགོཔ་དང་ ཐབས་ལམ་སྟོན་དགོ་པའི་ གནས་སྟངས་ཚུ་ ཤར་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།




Users Today : 698
Users Yesterday : 1379
This Month : 698
This Year : 229539
Total Users : 941355
Views Today : 1644
Total views : 2740687
Who's Online : 7