
ནོར་བུ་བཟང་མོ།
དུས་ཅི་ལས་ ཐིམ་ཕུ་ལུ་ རྒྱལ་ཡོངས་ཁྱིམ་བཟོ་ གོང་འཕེལ་ལས་འཛིན་གྱིས་ བཟའ་ཚང་ ༡༠༠ ལྷགཔ་ཅིག་ཤོང་པའི་ སྒྲིང་ཁྱིམ་རྐྱབ་ནི་ཨིནམ་ལས་ ཁང་གླ་ཆུང་ཀུ་འབད་མི་ སྡོད་ཁྱིམ་ཚུ་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཐིམ་ཕུ་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་དང་ ཁང་གླ་མཐོ་བའི་ བྱ་སྟབས་མ་བདེཝ་ཚུ་ བསལ་ནི་གི་དོན་ལས་ཨིནམ་ད་ གཞི་རྟེན་མཁོ་ཆས་དང་ སྐྱེལ༌འདྲེན་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་ལུ་ སྡོད་ཁྱིམ་ ༢,༠༠༠ དེ་ཅིག་ ལང་མ་ཚུགས་པར་ཡོད༌ཟེར་ཨིན་པས།
སྤྱི་ལོ་ ༢༠༠༦ ལུ་ གཞུང་གིས་ ཐིམ་ཕུ་ལྕང་ཇི་ཇི་ལུ་ སྡོད་ཁྱིམ་ཚུ་ རྐྱབ་པའི་ཤུལ་ལས་ ཐིམ་ཕུ་ལུ་ མི་མང་གི་དོན་ལས་ སྡོད་ཁྱིམ་རྐྱབ་ནི་དེ་ བཀག་དམ་འབད་ཡོད་རུང་ སྡོད་ཁྱིམ་དགོ་མི་ མང་སུ་ཐོན་མི་དང་ ཅ་ཆས་ཀྱི་ གོང་ཚད་ཚུ་ ཡར་སེང་འགྱོ་ནི་དེ་གིས་ ཁང་གླ་ཚུ་ཡང་ ཡར་སེང་སོང་ནུག།
དེ་འབདཝ་ལས་ སྤྱི་ལོ་ ༢༠༢༠ ལུ་ གཞུང་གིས་ རྒྱལ་ཡོངས་ཁྱིམ་བཟོའི་ སྲིད་བྱུས་འདི་ ཆ་འཇོག་ཐོག་ལས་ རྒྱལ་ཡོངས་ཁྱིམ་བཟོ་ གོང་འཕེལ་ལས་འཛིན་གྱིས་ ཐིམ་ཕུ་ལུ་ སྡོད་ཁྱིམ་རྐྱབ་ཆོག་པའི་ གནང་བ་གནང་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་ སྤྱི་ལོ་ ༢༠༠༢ ལས་ ༢༠༢༧ ཚུན་གྱི་ བཟོ་བཀོད་འཆརགཞིའི་ཨམ་ བཟོ་ཡོད་རུང་ བཟོ་བཀོད་འཆརགཞི་དེ་ མི་ལོ་ ༡༨ དེ་ཅིག་ ལག་ལེན་འཐབ་པའི་ཤུལ་ལུ་ བསྐྱར་ཞིབ་འབད་ཡོདཔ་ད་ འཆར་གཞི་བསྐྱར་ཞིབ་དེ་ཡང་ སྤྱི་ལོ་ ༢༠༢༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་ ༦ པའི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ ལུ་ བརྟག་ཞིབ་འབད་མི་དང་འཁྲིལ་བ་ཅིན་ ཐིམ་ཕུ་ཁྲོམ་སྡེའི་ནང་ མི་འབུམ་ ༡ ལྷགཔ་ཅིག་ཡོད་རུང་ སྡོད་ཁྱིམ་ ༢༩,༠༠༠ ལྷགཔ་ཅིག་ལས་ མེད་ནི་དེ་གིས་ འོང་འབབ་ཆུང་བའི་ ལས་གཡོགཔ་ཚུ་གིས་ དངུལ་ཕོགས་གུ་ལས་ བརྒྱ་ཆ་ ༦༠ དེ་རེ་ ཁང་གླ་སྤྲོད་དགོ་ནི་དེ་གིས་ འོང་འབབ་ཆུང་བའི་ མི་སྡེ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ཡོདཔ་ཨིན་པས།
ད་རེས་ ཐིམ་ཕུ་ལུ་ སྒྲིང་ཁྱིམ་ ༤༥༠ རྐྱབ་པའི་བསྒང་ཡོདཔ་ད་ ད་རུང་ སྒྲིང་ཁྱིམ་ ༡༨ དེ་ཅིག་ རྐྱབ་ནི་སྦེ་ཡོདཔ་ལས་ སྒྲིང་ཁྱིམ་དེ་ཚུ་ རྐྱབ་ཚར་བའི་བསྒང་ལས་ ཐིམ་ཕུ་ལུ་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་འདི་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ གཞི་རྟེན་མཁོ་ཆས་དང་ སྐྱེལ༌འདྲེན་ལྷན་ཁག་ལས་ བཤད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1389176
Views Today :
Total views : 5000
Who's Online :