
རོའི་ཊརཛ།
དུས་ཅི་ མ་ཡཱན་མར་ལུ་ བཙག་འཐུའི་ནང་ གྲལ་གཏོགས་འབད་ནིའི་དོན་ལས་ དྲག་པོའི་གཞུང་སྐྱོང་ཁ་ཐུག་ལས་ ག་ནི་བ་ཡང་ སྒྲུབ་པར་དཀའ་བའི་ ཁྱད་ཚད་ལཱ་ཁག་ཚུ་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ གསལ་བསྒྲགས་འབད་ནུག།
དེ་ཡང་ ཁོང་རའི་ཁ་ཐུག་ལུ་ འཐུས་མི་རྒྱ་ཆེཝ་སྦེ་ར་ ཡར་སེང་འབད་དེ་ཡོད་པའི་གུ་ དྲག་པོའི་གཞུང་སྐྱོང་ལུ་ རྒྱབ་འགལ་འབད་མི་ཚུ་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཚུགསཔ་ བཟོ་ཐབས་ལུ་ཡང་ འོང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
མ་ཡཱན་མར་ལུ་ དྲག་པོའི་དམག་སྡེ་གིས་ གཞི་བཙུགས་འབད་མི་ དབང་ཚད་བགོ་བཤའ་ཐོག་གི་ ཞི་དྲག་འདྲེས་མའི་ གཞུང་སྐྱོང་དེ་ ལོ་ལྔ་འཁོར་བའི་ཤུལ་ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དྲག་པོའི་དམག་སྡེ་གིས་ དབང་ཚད་བཙན་བཟུང་འབད་ནུག།
དུས་དེ་ལས་ཚུར་ མ་ཡཱན་མར་ལུ་ དམངས་གཙོའི་གཞུང་གི་དོན་ལས་ དྲག་དམག་གཞུང་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ རྨ་བཏོན་ཁྲག་བཏོན་བཟོཝ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ འབྲེལ་བ་འཐབ་ནི་ལས་ བཀག་ཆ་འབད་ཡོདཔ་ཨིན་པས།
དྲག་པོའི་གཞུང་གིས་ དུས་ཅི་ སྤྱི་ཟླ་ ༨ པའི་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་སྦེ་ ཁས་ལེན་འབད་མི་དང་འཁྲིལ་ཏེ་ གསལ་བསྒྲགས་འབད་མིའི་ནང་ སྲིད་ཚོགས་རེ་ལུ་ འཐུས་མི་ཉུང་ཤོས་ ༡༠༠,༠༠༠ རེ་ འོང་དགོཔ་སྦེ་ཨིནམ་ད་ ཧེ་མ་འབད་བ་ཅིན་ འཐུས་མི་ ༡,༠༠༠ རེ་ལས་ དགོས་མཁོ་མེདཔ་ཨིན་པས།
དེ་བཟུམ་མའི་ ཁྱད་ཚད་བཟོ་མི་དེ་གིས་ ཡུ་ནི་ཡཱན་ སོ་ལི་ཌ་རི་ཊི་དང་ ཌེ་བེ་ལོབ་མེན་ཚོགས་པ་ ༢ ལུ་ ཁེ་ཕན་འབྱུང་ནི་ཨིན་མི་དེ་ཡང་ ཚོགས་པ་ ༢ ཀྱི་ནང་ དམག་སྡེའི་མདོ་འཛིན་ ལེ་ཤ་ཡོད་མི་ དམག་སྡེའི་ངོ་ཚབ་ཨིན་པས།
སྤྱི་ལོ་ ༢༠༡༥ དང་ ༢༠༢༠ ལུ་ ཨམ་ཨང་སཱན་སུ་ཀིའི་ ནེ་ཤ་ནཱལ་ལིག་ སྲིད་ཚོགས་ཀྱིས་ ཕམ་བཏང་ཡོད་རུང་ དྲག་པོའི་དམག་སྡེ་གིས་ དབང་ཚད་བཙན་འཕྲོག་ཐོག་ལས་ ཨམ་སུ་ཀི་གིས་གཙོས་པའི་ འཐུས་མི་སྟོང་ཕྲག་ལས་བཅད་དེ་ བཙོན་ཁང་ནང་ བཙུགས་བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 726
Users Yesterday : 1379
This Month : 726
This Year : 229567
Total Users : 941383
Views Today : 1749
Total views : 2740792
Who's Online : 6