
བི་བི་སི།
ཨ་མི་རི་ཀའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སོ་མ་ལི་ཡའི་ བྱང་ཕྱོགས་ལུ་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་འགོ་པོན་ བི་ལཱལ་ ཨཱལ་སུ་ད་ནི་དང་ ཁོ་གི་འོག་ལུ་ ལཱ་འབད་མི་ ༡༠ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་ཡང་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་གྱི་ འགོ་དཔོན་དེ་ འཛིན་བཟུང་འབད་ནིའི་དོན་ལས་ མཐའ་ཟུར་གྱི་ སྒང་ཏོག་ཅིག་གི་ བྱག་ཕུག་ཚུ་ནང་ ཡུ་ཨེཛ་གི་ དམག་མི་ཚུ་ བཙན་འཛུལ་འབད་དེ་ བསད་ཡོདཔ་ཨིན་པས།
ཨཱལ་སུ་ད་ནི་དེ་ ཨཱཕ་རི་ཀ་ལུ་ མུཟ་ལིམ་གྱི་ གཡིབ་དམག་སྡེ་ཚན་ ཁྱབ་སྤེལ་འབད་ནིའི་ནང་ འགན་ཁུར་འབག་ཡོདཔ་མ་ཚད་ འཛམ་གླིང་ནང་ སྡེ་ཚན་དེ་གི་ ལཱ་ངན་ཚུ་གི་དོན་ལས་ མ་དངུལ་ཚུ་ཡང་ བྱིན་ཡོདཔ་སྦེ་ ཨ་མི་རི་ཀའི་ སྲུང་སྐྱོབ་དྲུང་ཆེན་གྱིས་བཤད་ནུག།
ཡུ་ཨེཛ་གི་ དམག་མི་ཚུ་ སུ་ད་ནི་དེ་ ག་ཏེ་ཡོད་ག་ གནམ་གྲུ་ཆུང་ཀུ་ཌཱོན་ཚུ་ ལག་ལེན་མ་འཐབ་པར་ འཛིན་བཟུང་འབད་ནི་དང་ དེ་མིན་བསད་ནིའི་དོན་ལས་ བཏང་ཡོད་མི་དེ་ སུ་ད་ནིའི་དོན་དག་རྩ་ཅན་ཡོད་པའི་ རྟགས་མཚན་ཨིན་པས་ཟེར་ བརྟག་དཔྱད་མཁས་མཆོག་ཚུ་གིས་ བཤད་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་དེ་གིས་ མོ་ཟམ་བིག་དང་ ཀོང་གོ་ལ་སོགས་པའི་ ཨཱཕ་རི་ཀའི་ རྒྱལ་ཁབ་ཚུ་ནང་ ཁོང་གི་བྱ་ངན་ཚུ་ རྒྱ་སྐྱེད་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཀོད་ནུག།
ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་དེ་ སྡེ་ཚན་ཆུང་ཀུ་ཅིག་ཨིན་རུང་ ཨཱལ་ཀའི་ཌའི་ཕྱོགས་གཏོགས་ ཨཱལ་ཤ་བབ་ཟེར་མི་སྡེ་ཚན་དང་ འབྲེལ་བ་ཡོདཔ་ད་ སུ་ད་ནི་དེ་ ཨིཟ་ལ་མིག་ གཡིབ་དམག་སྡེ་ཚན་ནང་ མ་འཛུལ་བའི་ཧེ་མར་ ཨཱལ་ཤ་བབ་དང་གཅིག་ཁར་ དམག་སྦྱོང་ཚུ་ བྱིན་མི་སྦེ་ སྡོད་ཡོདཔ་ཨིན་པས།
ཨ་མི་རི་ཀ་གིས་ སུ་ད་ནི་ འཛིན་བཟུང་དང་ ཡང་ཅིན་ བསད་ནི་གི་ འཆར་གཞི་བརྩམས་ཏེ་ ཟླཝ་ལེ་ཤ་ཅིག་ ཡར་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 772
Users Yesterday : 1379
This Month : 772
This Year : 229613
Total Users : 941429
Views Today : 1901
Total views : 2740944
Who's Online : 5