ར་ཤི་ཡའི་ དམག་འཁྲུག་གི་ གདོང་ལེན་ལུ་ མཚོན་ཆ་མཁོ་སྤྲོད་ཀྱི་ ཁས་ལེན་གསརཔ།

ཨཱལ་ཇ་ཟི་ར།
ར་ཤི་ཡའི་ དམག་འཁྲུག་གི་ གདོང་ལེན་ལུ་ ཕན་ནིའི་དོན་ལས་ ཡུ་ཀེ་རེན་ལུ་ མཚོན་ཆ་མཁོ་སྤྲོད་ཀྱི་ ཁས་ལེན་གསརཔ་ ཐོབ་སྟེ་ཡོདཔ་ད་ དེ་ཡང་ བདུན་ཕྲག་ ༤༩ ལང་དོ་ཡོད་མི་ ཕྱད་མདའི་དུས་ཚོད་ཁར་ ར་ཤི་ཡའི་ ཁ་ཐུག་ལས་ དེ་བཟུམ་མའི་ གྲོགས་རམ་གསར་བཏོད་ཚུ་ བཀག་ཆ་འབད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།
ད་རེས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ལུ་ ར་ཤི་ཡའི་ དུས་རྒྱུན་གྱི་ དམག་མི་ཚུ་གིས་ ཝེག་ནར་སྡེ་ཚན་གྱི་ གླ་ཐོག་དམག་མི་ཚུ་ གདོང་ཁར་བཙུགས་ཏེ་ སྔར་བ་ལྷག་པའི་ བརྩོན་ཤུགས་བསྐྱེདཔ་ཨིན་པས།
དེ་ཡང་ ཡེ་ཀེ་རེན་གྱི་ དམག་སྡེའི་བཀོད་ཁྱབ་ ཌེ་ནིཛ་ཡ་རོ་ལབཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཙོ་བོ་ར་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ བག་མུཏ་ཟེར་སར་ སྤྱི་ཟླ་ ༡ པའི་ཚེས་ ༢༩ དང་ ༣༠ ལུ་ ག་ནི་བ་ཡང་ རིག་རྩལ་དང་ལྡན་པའི་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ འཛུལ་ཞུགས་འབད་ནི་དེ་གིས་ གནས་སྟངས་འཚུབས་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་ ཤར་ཕྱོགས་དམག་སྡེའི་མགྲིན་ཚབ་ སེར་གི་ཅུ་རེ་བ་ཏི་གིས་ སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ ཌོ་ནེཊཛ་ལུང་ཕྱོགས་ནང་ ས་གནས་བག་མུཏ་ལས་ ཀི་ལོ་མི་ཊར་ ༡༥ གི་ ནང་འཁོད་ལུ་ ཕྱད་མདའ་ཐེངས་ ༤༢ དེ་ཅིག་ རྐྱབ་ཅི་ཟེར་བཤད་ནུག།
དེ་མ་ཚད་ ར་ཤི་ཡ་གིས་ བཙན་བཟུང་འབད་དེ་ཡོད་མི་ ཌོ་ནེཊཛ་ཁྲོམ་སྡེ་ལས་ ཀི་ལོ་མི་ཊར་ ༣༠ གི་ ས་ཁར་ཡོད་མི་ འུ་ལེ་དར་ ཁྲོམ་སྡེའི་ནང་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལས་ ཕྱད་མདའ་གསརཔ་ འགོ་བཙུགས་ཡོདཔ་ལས་ གཡུས་ཚན་མའི་ཀིལཛ་ཀེ་དེ་ ར་ཤི་ཡ་གིས་ བཙན་བཟུང་འབད་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ ལུ་ཧཱནཛ་ལུང་ཕྱོགས་ནང་གི་ གཡུས་ཚན་ཏེར་ནོ་བའི་ སྦོ་ལོགས་ཁར་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ ས་སྲུང་ཚུ་བརྒལ་ཏེ་ བཙན་འཛུལ་ཐོག་ལས་ དམག་དོན་ཞིབ་འཚོལ་ཚུ་ཡང་འབད་ནུག།
དེ་བཟུམ་སྦེ་ སྤྱི་ཟླ་ ༡ པའི་ཚེས་ ༢༦ ལུ་ ར་ཤི་ཡ་གིས་ མཁའ་དམག་དང་ མཚོ་དམག་ཐོག་ལས་ མི་ཛ་ཡེལ་ ༥༥ དང་ ཨི་རཱན་ལུ་ བཟོ་བསྐྲུན་འབད་མི་ དམག་འཐབ་གནམ་གྲུ་ཆུང་བ་ ཌཱོན་ ༢༤ བཏང་ས་ལས་ ཡུ་ཀེ་རེན་ མཁའ་དམག་གིས་ མི་ཛ་ཡེལ་ ༤༧ དང་ གནམ་གྲུ་ཆུང་བ་ ཌཱོན་དེ་ཚུ་ག་ར་ ཕབ་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: