
ནོར་བུ་བཟང་མོ།
སྤྱི་ཟླ་ ༡ པའི་ཚེས་ ༣༠ ལུ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དགེ་འདུན་སྤེལ་ཁང་གི་ དབུ་འཛིན་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དེ་ཡང་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ལས་ སྐྱེས་ལོ་ ༤༣ འབད་མི་ སློབ་དཔོན་བསོད་ནམས་རིན་ཆེན་དེ་ ཐིམ་ཕུ་ལུ་ཡོད་མི་ མི་འཁྲུག་པའི་ལྷ་ཁང་གི་ སློབ་གྲྭའི་དབུ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ གཞུང་གྲྭ་ཚང་གི་ སྐུ་དྲུང་འཚོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ སྐྱེས་ལོ་ ༡༣ ལས་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་ བཤད་གྲྭའི་ནང་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་ཡོདཔ་མ་ཚད་ སྤུ་ན་ཁ་ སྤང་དཀར་སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་ཡང་ བཅད་ཡོདཔ་ཨིན་མས།
དེ་ལས་ སྤུ་ན་ཁ་ བརཔ་རྒེད་འོག་ལས་ སྐྱེས་ལོ་ ༣༥ འབད་མི་ བླམ་ཀུན་དགའ་ནོར་བུ་དེ་ སྤ་རོ་ལམ་གོང་རྒེད་འོག་ནང་ཡོད་མི་ བསྟན་ཆེ་དགོན་པའི་ ཨ་ཎིམོ་གྲྭ་ཚང་གི་ དབུ་འཛིན་སྦེ་ གསར་བསྐོས་གནང་ནུག།
ཁོ་གིས་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ ལོ་ངོ་ ༣ གྱི་རིང་ལུ་ སྤུ་ན་ཁ་ འཆི་མེད་ལྷ་ཁང་གི་བླམ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སེམས་རྟོགས་ཁ་ བཤད་གྲྭའི་ནང་ཡང་ དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
བླམ་ཀུན་དགའ་ནོར་བུ་གིས་ སྐྱེས་ལོ་ ༧ ལས་ དགེ་སློང་ནང་འཛུལ་ཏེ་ ཐིམ་ཕུ་མདོ་སྡེ་བྲག་ བཤད་གྲྭ་དང་ རྟ་མགོ་ནང་པའི་ གཙུག་ལག་སློབ་སྡེ་ལས་ ཤེས་ཡོན་ཚུ་ མཐར་ཕྱིན་པའི་ཁར་ ལོ་གསུམ་ཕྱོགས་གསུམ་ཡང་ ཐིམ་ཕུ་ལྕགས་རི་སྒྲུབ་སྡེའི་ནང་ གནང་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 699
Users Yesterday : 1379
This Month : 699
This Year : 229540
Total Users : 941356
Views Today : 1650
Total views : 2740693
Who's Online : 8