ཡུ་ཨེཛ་གི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ལྒང་ཕུ་མཐོང་ཡོདཔ།

བི་བི་སི།
རྒྱ་ནག་གི་ ལྒང་ཕུ་སྦོམ་ཅིག་ ཡུ་ཨེཛ༌གི༌ ཤར་ཕྱོགས་ཁ་ཐུག་ལུ་ གནམ་ཁར་ལྡིང་ཡོདཔ་སྦེ་ མཐོང་མིའི་སྐོར་ལས་ རྩོད་གླེང་དེ་ སེམས་ཞི་བའི་སྒོ་ལས་ ལག་ལེན་འཐབ་དགོ་པའི་ ནན་བསྐུལ་འབདཝ་ཨིན་པས།
དེ༌ཡང༌ ཡུ་ཨེཛ༌གི༌ རྒྱལ༌ཁམས༌དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ གསང་ཞིབ་ཀྱི་ ལྒང་ཕུ་བཏང་མི་དེ་ འགན་ཁུར་སྣང་མེད་བསྐྱུར་བའི་ གཞི་ཅིག་ཨིན་པས་ཟེར་ རྒྱ༌ནག༌ལུ་ བལྟ་སྐོར་གྱི༌ ལས༌རིམ༌ཡོད༌མི༌དེ༌ ཆ་མེད་བཏང་པའི་ཤུལ་ལུ་ ད་རུང་ཡང་ རྒྱ་ནག་གི༌ ལྒང་ཕུ་ ༡ ལེ་ཊིན་ཨ་མེ་རི་ཀའི་གུ་ལས་ཕར་ ལྡིང་སར་མཐོང་ནུག།
རྒྱ་ནག་གིས་ ལྒང་ཕུ་དེ་ གནམ་གཤིས་བརྟག་དཔྱད་དང་འབྲེལ་བའི་ མཁའ་གྲུ་ཨིནམ་སྦེ་ བཤད་ཡོདཔ་ད་ དེ་ཡང་ རླུང་མ་གིས་ ལོགས་གཅིག་ཁར་ བཀལ་ཡོདཔ་ལས་ འཛོལ་བ་དེ་ལུ་ ཡུ་ཨེཛ་གིས་ བཟོད་པ་བཞེས་དགོ་ཟེར་ཨིན་པས།
ཡུ་ཨེཛ་གིས་ དེ་བཟུམ་མའི་ མཁའ་གྲུ་དེ་ནང་ལས་ ཚིག་རོ་ཚུ་ ས་ཁར་འབུད་སྲིད་ནི་གི་ ཉེན་ཁ་ལུ་བརྟེན་ཏེ་ ཀྲོབ་མདའ་རྐྱབ་སྟེ་ ཕབ་མ་བཏང་ཟེར་ཨིནམ་ད་ སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བེ་ཇིང་གིས་ རང་དབང་ཅན་གྱི་ རྒྱལ་ཁབ་གཞན་གྱི་ ས་ཁོངས་དང་ མཁའ་དབྱིངས་ལུ་ཡང་ བཙན་འཛུལ་འབད་འབདཝ་མེད་ཟེར་བཀོད་ནུག།
རྒྱ་ནག་གི་ ཕྱི་འབྲེལ་སྲིད་བྱུས་འགོ་དཔོན་ ཝང་ཡི་གིས་ གནད་དོན་དེ་གི་སྐོར་ལས་ རྒྱལ་ཁམས་དྲུང་ཆེན་ བི་ལིང་ཀེན་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ ལོ་རྒྱུས་ཚུ་ བཤད་ཡོད་ལུགས་དང་ དམིགས་བསལ་གྱིས་ རྣམ་རྟོག་མེད་པའི་ གནས་སྟངས་ཚུ་ནང་ ཞི་བའི་སྒོ་ལས་ གྲོས་བསྟུན་འབད་ནིའི་དོན་ལུ་ གནས་རིམ་ག་རའི་ནང་ རྒྱུན་ལམ་ཚུ་ རྒྱུན་སྐྱོང་ཐོག་ལུ་ བཞག་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ཡང་ བཤད་ཡོདཔ་ཨིན་པས།
དེ་མཚད་ རྒྱ་ནག་གིས་ ར་ཁུངས་མེད་པའི་ བསམ་འཆར་དང་ མ་བདེན་པའི་ གསལ་བསྒྲགས་ཚུ་ལུ་ ངོས་ལེན་མེད་ཟེར་ ཡུ་ཨེཛ་གི་ སྲིད་དོན་མི་ངོམ་དང་ བརྡ་བརྒྱུད་ལ་ལོ་ཅིག་གིས་ བཀོད་མི་དེ་ རྒྱ་ནག་གི་ མིང་གཏམ་མེདཔ་གཏང་ནི་ལུ་དམིགས་ཏེ་ ལག་ལེན་འཐབ་ཨིན་པའི་ ཁ་ཉེས་ཡང་བཀལ་ནུག།
ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ མཁའ་གྲུ་དེ་ རྡུལ་ཕྲན་མི་ཛ་ཡེལ་གྱི་ ས་ཁོངས་དག་པ་ཅིག་ཡོད་མི་ ཡུ་ཨེཛ་གི་ མོན་ཊ་ན་ མངའ་སྡེ་ལུ་ མ་ལྷོད་པའི་ཧེ་མར་ ཨ་ལཱཛ་ཀ་དང་ ཀེ་ན་ཌའི་གུ་ལས་ཕར་ ལྡིང་སྟེ་ཡོད་ནི་དེ་གིས་ ཡུ་ཨེཛ་གི་ འགོ་དཔོན་ཚུ་ ཁྲག་སློང་ཡོདཔ་ལས་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ལྒང་ཕུ་ ཡུ་ཨེཛ་གི་ མཁའ་དབྱིངས་ལུ་ ལྡིང་མི་དེ་ ཡུ་ཨེཛ་གི་ རང་དབང་དང་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནད་དོན་དེ་ འགན་ཁུར་སྣང་མེད་ཀྱི་ ལཱ་ཨིནམ་ལས་ ཡུན་རིང་གི་བར་ན་ འཆར་གཞི་བརྩམས་ཏེ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ བི་ལིང་ཀེན་དེ་ བེ་ཇིང་ལུ་ བལྟ་སྐོར་ལུ་ འགྱོ་ནི་གི་ དུམ་ཁར་ལྷོདཔ་ད་ ཐོན་ཡོདཔ་ལས་ ངོས་ལེན་མ་ཚུགས་པའི་ གཞི་ཅིག་ཨིན་པས་ཟེར་བཤད་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༥ དང་ ༦ ལུ་ བེ་ཇིང་ལུ་ ཉེན་སྲུང་དང་ ཏ་ཡེ་ཝཱན་གྱི་ལོ་རྒྱུས་ དེ་ལས་ ཀོ་ཝིཌ་-༡༩ ཚུ་བརྩིས་ཏེ་ གནད་དོན་ཁག་ ལེ་ཤ་ཅིག་གི་སྐོར་ལས་ གྲོས་བསྟུན་གྱི་དོན་ལུ་ བལྟ་སྐོར་གྱི་ ལས་རིམ་བཟོ་ཚར་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: