
ཡིག་ཚང་ལས་བྱེདཔ།
ཀུར་སྟོད་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ ལོ་བསྟར་གྱི་ བཙན་མཁར་དྲག་དམར་སྒྲུབ་ཆེན་ ཐེས ༢ པ་ གནང༌མི༌དེ༌ རང་ཟླ་ ༡༢ པའི་ཚེས་ ༡༧ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ དངོས་གྲུབ་བླང་ཆོག་དང་ གུ༌རུའི༌མཐོང༌གྲོལ༌ མཇལ་ཁ་གནང་ཐོག་ལས༌ གྲོལ༌གནང༌ནུག།
དེ༌ཡང༌ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ རྣམ་གྲོལ་གླིང་གྲྭ་ཚང་གི་ མཁན་སློབ་དང་ དགེ་སློང་ཞལ་གྲངས་ ༢༣༠ ལྷགཔ་གིས་ གནང༌ཡོདཔ༌ད༌ སྒྲུབ༌ཆེན༌དངོས་གཞིའི་ཧེ༌མར༌ རང་ཟླ་ ༡༢ པའི་ཚེས་ ༥ ལུ༌ བསངས་མཆོད་བཀྲ་ཤིས་རེ་སྐོང་རྒྱས་པ་དང་ ཆོས་སྐྱོང་དང་ ལྷ་བཙན་ཅང་ཅང་ དགྲ་ལྷ་དཀར་པོ་དང་ གནས་བདག་རྫུ་འཕྲུལ་ཐོགས་མེད་ཚུ་ལུ་ གསེར་སྐྱེམས་ཚུ་ཡང་ཕུལ་ནུག།
དེ་ལས་ རང་ཟླ་ ༡༢ པའི་ཚེས་ ༦ ལུ་ ཁྲུས་དང་ ཚེས་ ༧ ལུ་ འཆམ་རྒྱུགས་ ཚེས་ ༨ ལུ་ སྟ་གོན་འབུམ་བཀྲ་ཤིས་དང་ དྲག་དམར་གྱི་ གསུང་ཆོག་ཚུ་ གནང་ཡོདཔ་སྦེ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ལས་ སློབ་དཔོན་སངས་རྒྱས་དབང་ཕྱུག་གིས་ བཤདཔ་ཨིན་པས།
རང་ཟླ་ ༡༢ པའི་ཚེས་ ༩ ལས་ ༡༥ ཚུན་ ཉིན་གྲངས་ ༧ གྱི་རིང་ལུ་ སྒྲུབ་ཆེན་དངོས་གཞིའི་ གསུང་ཆོག་གནང་པའི་ཁར་ ཚེས་ ༡༦ ལུ་ ཁྲོ་བཅུའི་སྐུ་འཆམ་དང་ གླུ་གར་གྱི་ མཆོད་པ་ཚུ་ ཕུལ་ཡོདཔ་ད་ ཚེས་ ༡༧ ལུ་ དངོས་གྲུབ་བླང་ཆོག་དང་ གུ་རུའི་མཐོང་གྲོལ་གྱི་ མཇལ་ཁ་གནང་ཡོདཔ་མ་ཚད་ བཞེངས་ཤིག་པདྨ་དང་ ཞྭ་ནག་རྔ་འཆམ་ རྒྱལ་པོ་ཧ་ཤང་དང་ ཧ་ཕྲུག་གི་ སྐུ་འཆམ་ཚུ་ཡང་ མི་མང་ལུ་ མཇལ་ཁ་གནང་ནུག།
སྒྲུབ་ཆེན་དེ་ བཙན་མཁར་དང་ རྒྱ་རས་ ཙ་ཀ་གླིང་ རྩ་མང་རྒེད་འོག་ ༤ གི་ སྦྱིན་བདག་ཐོག་ལུ་ རྣམ་གྲོལ་གླིང་གྲྭ་ཚང་དང་ བཙན་མཁར་རྒེད་འོག་གིས་ འགོ་འདྲེན་འཐབ་སྟེ་ གནང་ཡི་ཟེར་ སློབ་དཔོན་སངས་རྒྱས་དབང་ཕྱུག་གིས་ བཤདཔ་ཨིན་པས།
སྒྲུབ་ཆེན་དེ་ཡང་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ ལོ་བསྟར་བཞིན་དུ་ གནངམ་ཨིན་པའི་གནས་ཚུལ།






Users Today : 647
Users Yesterday : 6933
This Month : 65016
This Year : 293857
Total Users : 1005673
Views Today : 7273
Total views : 2923690
Who's Online : 9