མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཞུང་ཚབ་དང་ རྫོང་བདག་ཚུ་ བསྐོ་བཞག་དང་ དམག་སྡེའི་འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་།

ནོར་བུ་བཟང་མོ།
སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ནིའུ་ཡོག་དང་ བ་ར་སེལཛ་གི་ གཞུང་ཚབ་ ༢ དང་ ཧཱ་དང་ ལྷུན་རྩེ་ གཞལམ་སྒང་རྫོང་ཁག་ཚུ་གི་ རྫོང་བདག་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ཁ་དར་ གནང་ཡོདཔ་མ་ཚད་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་པོའི་སྐུ་སྲུང་དམག་སྡེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་གི་ འགོ་དཔོན་ ༢༧ ལུ་ཡང་ གོ་གནས་ཡར་སེང་གནང་ནུག།
དེ་ཡང་ ཕྱི་མི་ནང་བསྐྱོད་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ པདྨ་ཨེལ་རྡོ་རྗེ་དེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་དང་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱེས་ཆོས་སྒྲོན་དེ་ བ་ར་སེལཛ་ལུ་ འབྲུག་གི་གཞུང་ཚབ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧཱ་གི་རྫོང་བདག་ངོ་ཚབ་ སྨོན་ལམ་བཟང་པོ་དེ་ ཧཱ་རྫོང་བདག་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ སྲིད་བྱུས་དང་ འཆར་གཞི་ལས་ཚན་གྱི་གཙོ་འཛིན་ སྐལ་བཟང་འཇིགས་མེད་དེ་ གཞལམ་སྒང་རྫོང་བདག་སྦེ་ གསར་བསྐོས་གནང་ཡོདཔ་ད་ དེ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱུ་དངོས་གསལ་སྟོན་ འཛིན་སྐྱོང་སྡེ་ཚན་གྱི་ ཆིག་སྒྲིལ་གཙོ་འཛིན་ འཇིགས་མེད་ཆོས་སྒྲོན་དེ་ ལྷུན་རྩེ་རྫོང་བདག་གསརཔ་སྦེ་ བསྐོ་བཞག་གནང་ནུག།
དེ་མ་ཚད་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ དམག་སྲིད་འོགམ་ ༡༨ དང་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་ དམག་སྲིད་འོགམ་ ༣ དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ དམག་སྲིད་འོགམ་ ༦ ལུ་ཡང་ དམག་སྲིད་གོང་མའི་ གོ་གནས་གནང་ཡོད་པའི་གནས་ཚུལ།

Please follow and like us: