ཡུ་ཨེཛ་ལུ་ རྒྱ་ནག་གིས་ འཛམ་གླིང་ནང་བཏང་མི་ ལྒང་ཕུའི་གྲས་ལས་ ༡ ཨིན་པའི་ཡིད་ཆེས།

བི་བི་སི།
ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ས་ཁོངས་ཀྱི་ མཁའ་དབྱིངས་ལུ་ རྒྱ་ནག་གི་ གསང་ཞིབ་ཨིན་པའི་ དོགས་པ་བསྐྱེད་དེ་ ས་ཁར་ཕབ་བཏང་མི་ ལྒང་ཕུ་དེ་ གླིང་ཆེན་ ༥ ལུ་ ཁྱབ་སྤེལ་འབད་མི་ ལྒང་ཕུ་ཚུ་གི་གྲས་ལས་ ༡ ཨིན་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཁམས་གཞུང་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ དེ་བཟུམ་མའི་ ལྒང་ཕུའི་ལས་རིམ་དེ་ ཁྱབ་ཆེ་བའི་ ལས་རིམ་ཅིག་འབདཝ་ལས་ ཡུ་ཨེཛ་རྐྱངམ་གཅིག་ལུ་ བཏང་བཏངམ་མིན་པས་ཟེར་བཤད་ནུག།
ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ལྒང་ཕུ་དེ་གི་རིང་ཚད་ མི་ཊར་ ༦༠ དེ་ཅིག་དང་ ལྗིད་ཚད་པ་འོནཌ་ སྟོང་ཕྲག་ལས་བཅད་དེ་ འོང་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
རྒྱ་ནག་གི་ ཁ་ཐུག་ལས་ ལྒང་ཕུ་དེ་ གསང་ཞིབ་ཀྱི་དོན་ལུ་མིན་པར་ གནམ་གཤིས་བརྟག་དཔྱད་ཀྱི་ ལྒང་ཕུ་ཨིནམ་སྦེ་བཤད་ནུག།
ད་རེས་ ཡུ་ཨེཛ་གིས་ གསང་ཞིབ་ཀྱི་དོན་ལུ་ཨིན་པའི་ དོགས་པ་ཡོད་མི་ ལྒང་ཕུ་དེ་ཚུ་ ལྷོ་ཨ་མི་རི་ཀ་དང་ བྱང་ཨ་མི་རི་ཀ་ ཤར་ལྷོ་ཨེ་ཤི་ཡ་ ཤར་ཨེ་ཤི་ཡ་དང་ ཡུ་རོབ་ཚུ་ནང་ ལག་ལེན་འཐབ་ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་འབདཝ་ལས་ ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ མཐུན་འབྲེལ་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: